​ལིས་ཆང་གིས་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་མཇལ་འཕྲད་གནང་།
2024.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ8པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་མཇལ་འཕྲད་གནང་། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ8པའི་ཚེས19ཉིན་གྱི་ཕྱི་དྲོར་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་མཇལ་འཕྲད་གནང་། 

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་བར་དུ“བློ་མཐུན་དང་སྤུན་ཟླ”ཞེས་པའི་བརྩེ་དུང་ཟབ་མོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡའོ་ནན་དེ་མཐའ་འཁོར་ཕྱི་འབྲེལ་གྱི་དམིགས་བསལ་ཁ་ཕྱོགས་སུ་བརྩི་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིས་ཁྱེད་དང་མཇལ་འཕྲད་གནང་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བའི་ཐད་ཐུན་མོང་གི་ལྟ་བ་རབ་དང་རིམ་པ་བྱུང་ནས། རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ལ་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཆབ་སྲིད་ཀྱི་བསྲུང་བྱ་ཁོ་འདོན་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་བར་གྱི་སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཛིན་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། “སྔར་ལས་དྲུག་”གི་སྤྱིའི་དམིགས་འབེན་ལ་དམིགས་ཏེ་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་བཟང་པོ་བསྐྲུན་འདོད་ཡོད་ཅེས་གསུངས།  

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཡའོ་ནན་བར་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་དམ་པ་དང་། ཐོན་ལས་ཀྱི་གསབ་རེས་རང་བཞིན་ཆེ་ལ། མཉམ་ལས་ཀྱི་བར་སྟོང་རྒྱ་ཆེ། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་གཉིས་ཀར་བསྐྱོད་པ་དང་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱེད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང“བར་ཁྱམས་གཉིས་དང་སྐོར་བ་གཅིག”གི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཚོང་དོན་དངུལ་གཏོང་གི་གཞི་ཁྱོན་ཆེ་རུ་གཏོང་བ། ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད། ནུས་ཁུངས། གཞི་གྲངས་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས། འགག་རྩའི་གཏེར་རྫས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ཡག་པོར་གཉེར་ནས་རིག་གནས་ཡུལ་སྐོར་དང་། སློབ་གསོ། འཕྲོད་བསྟེན་སོགས་མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། རྫ་ཆུ་དང་མེ་གུང་གཙང་བོའི་མཉམ་ལས་སོགས་ཕྱོགས་མང་ལམ་སྲོལ་འོག་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་གྱི་སྒྲོམ་གཞིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འབུལ་དགོས་ཞེས་གསུངས།

སུའུ་ལིན་གྱིས་བསྟན་དོན། ཡའོ་ནན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་ཨང་དང་པོར་བརྩི་བཞིན་ཡོད། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་།འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། རིམ་པ་ཁག་གི་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཚོང་དོན་དང་། དངུལ་གཏོང་། འགྲིམ་འགྲུལ། ཡུལ་སྐོར། སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།