ཚེས19ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་ཧྥེ་ཅིའི་ཙུང་ལི་ལན་པུའུ་ཁ་ལ་མཇལ་འཕྲད་གནང་།
ཟླ8པའི་ཚེས19ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་ལ་མཇལ་འཕྲད་གནང་།
སུའུ་ལིན་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་། ཁྱེད་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་གྲོས་མོལ་གནང་བ་དེས་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རིང་ཀྲུང་གོ་དང་ཡའོ་ནན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡའོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་བརྩི་སྲུང་བྱས་ཏེ། ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་གཟབ་ནན་གྱིས་བསྐྲུན་པར་སྐུལ་འདེད་བཏང་ནས། རང་སོ་སོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཐད་སྟོབས་ཤུགས་འབུལ་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཡའོ་ནན་རྒྱལ་ཚོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁ་གཏད་བརྗེ་རེས་རྐྱེན་སྲོལ་བེད་སྤྱོད་ཡག་པོ་བྱེད་པ། ཐབས་ལམ་མང་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཁྲིམས་འཛུགས་དང་ལྟ་སྐུལ་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་རྒྱུར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།
སུའུ་ལིན་གྱིས་བསྟན་དོན། ཡའོ་ནན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་གདམ་ག་ཨང་དང་པོར་བརྩིས་ནས། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛུགས་ལས་ཁུངས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་བཏང་སྟེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡའོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་འདོད་ཡོད།
ཀྲང་ཆིན་ཝེ་མཇལ་འཕྲད་ལ་ཞུགས།
ཟླ8པའི་ཚེས19ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཧྥེ་ཅིའི་ཙུང་ལི་ལན་པུའུ་ཁ་དང་མཇལ་འཕྲད་གནང་།
ལན་པུའུ་ཁ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་བསྟན་དོན། ཧྥེ་ཅི་ནི་ཀྲུང་གོ་གསར་པ་དང་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་ཧྥེའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་གིས་ཕན་ཚུན་འདྲ་མཉམ་དང་མཛའ་བརྩེའི་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཧྥེ་ཅི་ཕྱོགས་ཀྱིས་ཡུན་རིང་བོར་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཧྥེ་ཅི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་མུ་མཐུད་དུ་རྒྱ་ཆེར་གཏོང་བ། ཀྲུང་ཧྥེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཧྥེ་ཅིའི་གྲོས་ཚོགས་དང་རིམ་པ་སོ་སོའི་བརྗེ་རེས་དང་འགྲོ་འོང་ལ་མུ་མཐུད་དུ་ཤུགས་བསྣན་ནས། འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆར་དུས་ཐོག་ཏུ་ཆོག་མཆན་བཀོད་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།
ལན་པུའུ་ཁ་ཡིས་བསྟན་དོན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཧྥེ་ཅི་དང་ཀྲུང་གོའི་འབྲེལ་བའི་རྨང་རྡོ་ལྟ་བུ་ཡིན། ཧྥེ་ཅི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་དང་འདུ་ཤེས་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་ཚོང་དོན་དང་དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།
ཤ་བོ་རིན་མཚོས་བསྒྱུར།