ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་ཟླ8པའི་ཚེས20ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་མགོ་འཛིན་བྱས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། བཅོས་སྒྱུར་གྱི་དགོངས་དོན་དང་བླང་བྱ་ནན་མོར་བརྟེན་ནས་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་དག་ཐེར་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་དུས་ཚོད་དང་སེམས་ཤུགས་སྔར་ལས་མང་པོ་དོན་འཁྱོལ་དམ་འཛིན་བྱེད་པའི་སྟེང་བཀོལ་ཐུབ་པར་བྱེད་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་གཞུང་སྒྲུབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་པར་འགྲེམས་བྱས་པའི《ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ》ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ལ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཀྱང་ཡིན་པས། ཏན་ཏིག་དང་ནུས་ལྡན་ངང་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཡིག་ཆ་གོམ་གང་མདུན་སྤོས་ཀྱིས་ཁུ་བསྡུ་ནན་མོ་བྱེད་པ་དང་། ཞིབ་བཤེར་དང་འགག་སྒོ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་འབོར་ལ་དོ་དམ་ཚོད་འཛིན་དང་སྤུས་ཚད་མཐོ་རུ་གཏོང་བའི་ཕྱོགས་གཉིས་ཐད་ནས་ཤུགས་སྣོན་དགོས། གྲོས་ཚོགས་སྔར་ལས་ཁུ་བསྡུ་ནན་མོ་བྱས་ཏེ་གྲོས་ཚོགས་ཀྱི་སྤུས་ཚད་དང་ལས་ཆོད་ཆེ་རུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལ་སྔར་ལས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཚད་ལྡན་དུ་བཏང་སྟེ། གཞི་རིམ་ལ་ཁ་ཕྱོགས་པའི་ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ཀྱི་སྤྱི་འབོར་ཉུང་འཕྲི་བྱེད་པ་དང་ཐེངས་གྲངས་ལ་གཅིག་གྱུར་འཆར་འགོད་ལེགས་པོ་བྱ་དགོས། ལས་བྱེད་པ་གཡོར་འཐེན་སྔར་ལས་ཚད་ལྡན་དུ་བཏང་སྟེ། ད་ཡོད་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་སྲ་སྒྱུར་བྱས་ནས་ལམ་ལུགས་སུ་གོང་འཕེལ་གཏོང་དགོས། སྲིད་དོན་སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་ཀྱི་གོ་རིམ་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། “མཛུབ་རྩེའི་ཕྱི་ཚུལ་རིང་ལུགས”རྒྱུན་མཐུད་ངང་དག་ཐེར་གཏིང་ཟབ་བྱས་ཏེ། གཞི་གྲངས་ནུས་སྤྲོད་ཀྱི་གཞི་རིམ་བྱ་བར་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། གཞི་རིམ་གྱི་དབང་ཆ་དང་འགན་འཁྲི་སྔར་ལས་ཚད་ལྡན་དང་ཁ་གསལ་བཟོ་བ་དང་། ཡུལ་བབ་དང་བསྟུན་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་པའི་དོན་ཚན་གྱི་ཞིབ་ཐོ་བཟོ་བ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ནུས་པ་སྤྲོད་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ་ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། དཔེ་སྟོན་གསར་གཏོད་དང་ཚད་ལོན་བྱེད་སྒོ་སྔར་ལས་ཚད་ལྡན་དུ་བཏང་སྟེ་དོན་དངོས་ལ་གཞི་ཚུགས་པ་དང་ཕན་འབྲས་དངོས་ལ་མཐོང་ཆེན་བྱེད་དགོས།
ཚོགས་འདུ་ལས་ནན་གྱིས་བསྟན་དོན། སློབ་སྦྱོང་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་བྱ་བས་འདུ་ཤེས་དང་བྱེད་སྟངས་བསྒྱུར་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་པ། གཞི་རིམ་ལས་བྱེད་པར“ཁུར་པོ་ཇེ་ཡང་དུ་གཏོང་བ”ནི“འགན་འཁྲི་ཇེ་ཆུང་དུ་གཏོང་བ”མིན་པར་ངོས་འཛིན་གཏིང་ཟབ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། སྔར་ལས་ཧུར་བརྩོན་དང་རང་འགུལ་ངང་གསར་གཏོད་ཡར་བརྩོན་དང་དམ་འཛིན་དངོས་སྒྲུབ་བྱེད་དགོས། མ་ལག་ཚང་བའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་བླང་བྱ་སྔར་ལས་ཇེ་ཞིབ་ཏུ་གཏོང་བ་དང་། བརྒྱུད་རིམ་གསལ་བ། འགན་འཁྲི་གསལ་པོ་བཅས་བྱ་དགོས། བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་ཤུགས་འགན་འཁྲི་གཟབ་ནན་དུ་གཏོང་བ། དཔེ་མཚོན་གནད་དོན་ལ་ཞིབ་བཤེར་དང་བརྡ་ཁྱབ་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱས་ཏེ། “གནད་དོན་གཅིག་ཐག་གཅོད་བྱེད་པ”ནས“གནད་དོན་རིགས་གཅིག་ཐག་གཅོད་བྱེད་པའི”ཕྱོགས་སུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་། ཞིང་ཆེན་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གཏན་འབེབས་ཀྱི་བླང་བྱ་རྣམས་ལམ་ཐིག་སོ་སོ་དང་ཁྱབ་ཁོངས་སོ་སོ། ལྷུ་ཚིགས་སོ་སོར་དོན་འཁྱོལ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དག་ཐེར་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཕན་འབྲས་ཟམ་མི་ཆད་པར་འཐོབ་པར་སྐུལ་འདེད་གཏོང་དགོས།
ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཁོངས་གཏོགས་སྡེ་ཁག་དང་། འབྲེལ་ཡོད་སྡེ་ཁག ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། གྲོས་ཚོགས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས།
ཤ་བོ་གསེར་མཚོས་བསྒྱུར།