ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧྥེ་ཅིའི་ཙུང་ལི་ལན་པུའུ་ཁ་ལ་མཇལ་འཕྲད་གནང་།
ཟླ8པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་འཚམས་འདྲིར་ཡོང་བའི་ཧྥེ་ཅིའི་ཙུང་ལི་ལན་པུའུ་ཁ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཧྥེ་ཅི་ནི་ཀྲུང་གོ་གསར་པའི་བར་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་པ་དང་། སང་ལོར་ཀྲུང་གོ་དང་ཧྥེ་ཅིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་བསུ་མ་བྱ་རྒྱུ་རེད། དུས་རབས་ཕྱེད་ཀ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ནས། རྒྱལ་ཁབ་ཆེ་ཆུང་གིས་ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བར་མཛའ་མཐུན་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཧྥེ་ཅིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་ནུས་གང་ཡོད་སྒོས་མུ་མཐུད་རོགས་རམ་བྱས་ཏེ། ཧྥེ་ཅི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱས་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་དེ་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་འགོ་ཁྲིད་བྱས་པ་ལས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་ལ། ཀྲུང་གོས་མིའི་རིགས་ཀྱི་དབུལ་སེལ་དང་འཕེལ་རྒྱས་བྱ་གཞག་ལ་ཕུལ་བའི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཤིག་ཀྱང་ཡིན། བརྒྱུད་རིམ་དེའི་ནང་ང་ཚོས་མི་རིགས་རེ་རེ་དང་ས་ཁུལ་རེ་རེ། མི་རེ་རེ་བཅས་རྗེས་སུ་ལུས་མེད་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་སྒོས་བྱ་བ་ཆེན་པོ་བསྒྲུབས་པའི་ཆབ་སྲིད་ཀྱི་དགེ་མཚན་གང་ལེགས་སྒོས་མངོན་པར་བྱས་ཡོད་པའི་དབང་གིས། ཀྲུང་གོ་ཡོངས་ཀྱི་མི་རིགས56གི་མི་དམངས་ཚང་མའི་ལྷག་བསམ་རྣམ་དག་གི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་ཡོད། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གང་ལེགས་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པའི་དེང་རབས་ཅན་ཞིག་ཡིན། ཀྲུང་གོ་དང་ཧྥེ་ཅི་གཉིས་ཀ་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ཅི་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུར་རོགས་རམ་བྱས་ཏེ། འཕེལ་རྒྱས་མཉམ་ལས་ལ་ཤུགས་བསྣན་ནས། ཞི་བདེ་རྒྱ་མཚོ་ཆེན་མོ་དེ་ཞི་བདེ་ཡི་རྒྱ་མཚོ་དང་མཛའ་མཐུན་གྱི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་བཅས་སུ་འགྱུར་བར་འབད་རྒྱུ་ཡིན་ཞེས་ནན་གྱིས་གསུངས།
ལན་པུའུ་ཁ་ཡིས་ཧྥེ་ཅི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ཅིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ། མུ་མཐུད“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ཞི་བདེ་རྒྱ་མཚོ་ཆེན་མོ་དེ་ངེས་པ་དོན་གྱིས་ཞི་བདེ་ཡི་རྒྱ་མཚོ་ཆེན་མོ་ཞིག་ཏུ་འགྱུར་བར་འབད་འདོད་ཡོད་ལ། ཧྥེ་ཅི་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་ཡོངས་སུ་རྒྱུས་ལོན་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བསྟན།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧྥེ་ཅི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།