ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ།
2024.08.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ8པའི་ཚེས19ཉིན་ནས་ཚེས20ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཞིང་ཆེན་མཁོ་འཚོང་མཉམ་ལས་ཁང་གི་ཏང་ཙུའུ་ཁོངས་མི། ལྟ་ཞིབ་ཚོགས་པའི་ཀྲུའུ་རིན་ཧི་ཧྲི་ལིན་དང་། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ། དགེ་རྒན་ཆེན་མོ་ཆོས་སྐྱོང་སྲུང་མ། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་གཙོ། ཞིབ་འཇུག་པ་ཏུའུ་ཆེན་ཧྭ། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་གཞོན་པ། མཐོ་རིམ་འཆད་ཁྲིད་པ་མཱ་པེན་དབྱི་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། གཅན་ཚ་རྫོང་། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་སོགས་ས་ཁུལ་དང་སྡེ་ཁག་ཏུ་སོང་ནས་གཅིག་བསྡུས་སྒྲོག་འགྲེལ་སྤེལ།

སྒྲོག་འགྲེལ་བྱེད་སྐབས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ། ཆོད་དོན་ལས་བཏོན་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ་སོགས་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་ཟབ་མོ་བྱས།

ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་གཞུང་སྒྲུབ་ཁང་ཁྲུའུ་དང་པོའི་ཁྲུའུ་ཀྲང་གཞོན་པ་མེའོ་དབྱི་ཝུན་གྱིས་བཤད་རྒྱུར། ཡུལ་དངོས་ནས་སྒྲོག་འགྲེལ་སྙན་ཞུ་ལ་ཉན་རྗེས། བཅོས་སྒྱུར་མཁྲེགས་གཏོར་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས། བྲེལ་མྱུར་འདུ་ཤེས་ཟབ་མོ་སྐྱེས་སུ་བཅུག་པས། ང་ཚོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་རླབས་ཆེན་གྱི་འཆར་འགོད་ཁྲོད། བྱ་བའི་འགོ་ཚུགས་ས་དང་རྐང་འཛུགས་ས་ཡང་དག་འཚོལ་བ་དང་། ལས་ཁུངས་བཅོས་བསྒྱུར་གྱི་གོ་རིམ་རྗེས་མའི་བྱ་བ་བཟང་བོར་བསྒྲུབ་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་སོགས་ཀྱི་བྱ་བར་དམིགས་ནས། རང་འགུལ་གྱིས་ཁག་ཁུར་བྱེད་པ་དང་འགན་འཁྲི་ལག་བསྟར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པ་དང་། ལས་ཁུངས་ཀྱི་འགན་ནུས་མ་ལག་འཐུས་ཚང་དུ་གཏོང་བ། ཚད་རིམ་མཐོ་བའི་སྒྲིག་གཞི་རྐྱེན་སྲོལ་ཐད་ཀྱི་བཀག་རྐྱེན་མེད་པར་བྱེད་པ་བཅས་ཀྱི་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་འབད་བརྩོན་བྱེད་རྒྱུ་ཡིན།

མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་རང་བྱུང་ཐོན་ཁུངས་རྒྱུ་ནོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སུང་ཅན་ཆེན་གྱིས། སྒྲོག་འགྲེལ་གྱི་ནང་དོན་ཆ་ཚང་ཞིང་ཕུན་སུམ་ཚོགས་ལ། གཙོ་གནད་འབུར་དུ་ཐོན་པ་དང་། འགྲེལ་བཤད་གསལ་བོ་བྱས་ཡོད་པས། ང་ཚོས་ཚད་གཞིར་འཛིན་པ་དང་དཔེ་ལྟ་བྱེད་པའི་ཁྲོད་ཁ་ཕྱོགས་ཡང་དག་པར་བྱེད་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འཆར་གཞི་མཐའ་གཅིག་ཏུ་འགོད་པ་རྒྱུན་འཁྱོངས་བྱེད་པ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྒྱུར་བར་སྐུལ་འདེད་བཏང་ནས། མཚོ་སྔོན་པོ་དེ་རྒྱལ་སྤྱིའི་མཚེའུ་དང་བརླན་སའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་པར་གཞི་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་དཔེ་སྟོན་ཁུལ། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་མཛེས་སྡུག་གི་ཀྲུང་གོའི་དཔེ་མཚོན་ཁུལ་བཅས་སུ་གསར་སྐྲུན་བྱེད་པ་དང་། མཚོ་སྔོན་པོ་དེ་རབ་མཛེས་མཚོ་སྔོན་གྱི་གཅེས་ནོར་རུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

རྨ་ལྷོ་ཁུལ་ཏང་ཨུའི་བཅོས་སྒྱུར་ཕྱོགས་ཡོངས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ལས་བྱེད་པ་ལྷ་སྐྱིད་མཚོ་ཡིས། ཐེངས་འདིའི་སྒྲོག་འགྲེལ་ནི་གསོན་ཉམས་ལྡན་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་ཐེངས་གཅིག་དང་། བསམ་བློའི་སྐུལ་སློང་ཐེངས་གཅིག་ཡིན་ལ། ང་ཚོས་ལས་དོན་གཉེར་བ་དང་འཕེལ་རྒྱས་ལ་ཇུས་འགོད་བྱེད་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་ངར་སེམས་སྔར་ལས་ཆེར་བསྐྱེད་པས། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པའི་དགོས་ངེས་ཀྱི་རེ་བ་དྲུག་ཁོང་དུ་ཆུད་པར་བྱེད་པ། བཅོས་སྒྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། བཅོས་སྒྱུར་གྱི་བསམ་བློ་དང་གསར་གཏོད་ཀྱི་བྱེད་ཐབས་ལ་བརྟེན་ནས་བྱ་བར་སྐུལ་འདེད་བཏང་སྟེ། རྨ་ལྷོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་སྔར་ལས་མང་པོ་འཇོག་རྒྱུའི་ཚུལ་བསྟན།

རིན་ཆེན་མཚོས་བསྒྱུར།