ཟླ8པའི་ཚེས19ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུའུ་ཞིའི་དམངས་གཙོའི་ལྟ་སྐུལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ།“མཚོ་སྔོན་གྱི་ལོ་རྒྱུས་དང་རིག་གནས་ཀྱི་མཁར་གྲོང་མིང་གྲགས་ཅན་དང་། གྲོང་རྡལ་མིང་གྲགས་ཅན། སྡེ་བ་མིང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་པར”འབྲེལ་ནས་གྲོས་མོལ་དང་ཇུས་འདོན་བྱས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་དང་ཝང་ཀྲིན་ཁྲང་། ལིའུ་ཏ་ཡའེ་བཅས་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི་ཕིན་ཡིའུ་ཏུང་སོགས་ཚོགས་འདུར་ཞུགས།
ཚོགས་འདུའི་སྟེང་ལིའུ་ཏ་ཡའེ་ཡིས་བརྗོད་དོན་སྙན་ཞུ་ཕུལ་བ་དང་། བློ་མཐུན་ལྔ་ཡིས་བརྗེ་རེས་གཏམ་བཤད་གནང་། ཚང་མས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་རྒྱུས་དང་རིག་གནས་ཀྱི་མཁར་གྲོང་མིང་གྲགས་ཅན་དང་། གྲོང་རྡལ་མིང་གྲགས་ཅན། སྡེ་བ་མིང་གྲགས་ཅན་གྱིས་མཁར་གྲོང་འཛུགས་སྐྲུན་དང་། རིག་གནས་རྒྱན་འཛིན། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་ཐོན་པར་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་། བྱ་བའི་བྱེད་ཐབས་ཞིབ་མོར་བཟོ་བ། སྲུང་སྐྱོབ་དང་བེད་སྤྱོད་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད། སྡེ་ཁག་མང་པོས་ལས་བགོས་ཁ་གསལ་དང་མཐུན་སྦྱོར་གཅིག་གྱུར་གྱི་སྲུང་སྐྱོབ་ལམ་སྲོལ་མྱུར་མོར་འཐུས་ཚང་དུ་གཏོང་བ་དང་། སྲུང་སྐྱོབ་དང་རྒྱུན་འཛིན་མ་ལག་ཆ་ཚང་དུ་གཏོང་བ། གསོན་ཤུགས་བེད་སྤྱོད་བྱ་རྒྱུར་མཐོང་ཆེན་བྱེད་པ། རིག་གནས་ཐོན་ཁུངས་སྔོག་འདོན་དང་མཚོ་སྔོན་གྱི་རིག་གནས་ཁྱད་ཆོས་མངོན་གསལ་ཏུ་གཏོང་བ། དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་གྲོས་འགོ་འདོན་དགོས་པར་འདོད།
ཧི་ལུའུ་ཁྲུན་གྱིས་གཏམ་བཤད་ལ་ཉན་རྗེས་གཏམ་བཤད། ཁོས་རང་ཞིང་གི་ལོ་རྒྱུས་དང་རིག་གནས་ཀྱི་མིང་གྲགས་ཅན་གྱི་མཁར་གྲོང་དང་། མིང་གྲགས་ཅན་གྱི་གྲོང་རྡལ། སྡེ་བ་མིང་གྲགས་ཅན་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བ་ཡག་པོར་བསྒྲུབ་པར་ཡང་བླང་བྱ་བཏོན།
གྲོས་ཚོགས་སྟེང་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོབ་ཨང་དང་པོར་བཞག་སྟེ། རིག་དངོས་ཐོན་ཁུངས་ཀྱི་ལོ་རྒྱུས་ངོ་མའི་རང་བཞིན་དང་། ཉམས་འགྱུར་གྱི་ཆ་ཚང་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་ལ་སྲུང་སྐྱོབ་དོན་ངོ་མའི་སྟེང་སྲུང་སྐྱོབ་བྱེད་དགོས་པ་དང་། ཇུས་འགོད་བཀོད་སྒྲིག་ལ་དོ་སྣང་དང་། སྤྱི་ཡོངས་དང་ཆ་ཤས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཁྲོམ་རའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ནུས་ལྡན་ཁྲོམ་ར་དང་བྱ་བ་སྒྲུབ་པའི་སྲིད་གཞུང་ལ་གཅིག་གྱུར་འཆར་འགོད་བྱེད་པ། དུས་མཚུངས་སུ་བསྡུ་ལེན་མཉམ་གསོག་ལ་དོ་སྣང་བྱས་ཏེ། ས་གནས་དེ་གའི་རིག་གནས་དང་ཕྱི་ནས་ཡོང་བའི་རིག་གནས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།
ཚོགས་འདུ་མ་འཚོགས་གོང་། ཞིང་ཆེན་སྲིད་གྲོས་ཀྱིས་རྩ་འཛུགས་བྱས་པའི་ཀྲུའུ་ཞི་དམངས་གཙོའི་ལྟ་སྐུལ་ལྟ་ཞིབ་ཚན་ཆུང་སྔ་རྗེས་སུ་སྟོང་སྐོར་རྫོང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་སྟོང་སྐོར་གྱི་ལོ་རྒྱུས་རིག་གནས་སྲང་ལམ་དང་། ནུབ་མཚོ་གྲོང་རྡལ་གྱི་གསར་བརྗེའི་རིག་གནས་ལོ་རྒྱུས་འཛུགས་སྐྲུན་དང་སྲང་ལམ་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
ཚེ་རིང་སྒྲོལ་མས་བསྒྱུར།