2024ལོའི་འཛམ་གླིང་ཧྲིལ་བོའི་ཕྱིར་སྡོད་རང་མིས་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་དེ་ཞང་ཀང་དུ་བསྡུས་པ་དང་ཝང་ཧུའུ་ཉིང་གིས་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།
2024.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

2024ལོའི་འཛམ་གླིང་ཧྲིལ་བོའི་ཕྱིར་སྡོད་རང་མིས་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་དེ་ཟླ8པའི་ཚེས20ཉིན་ཞང་ཀང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ནས་ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ཚོགས་ཞུགས་འཐུས་མི་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས།

ཝང་ཧུའུ་ཉིང་གིས་བསྟན་དོན། དུས་ཡུན་རིང་པོར་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་རྒྱ་ཆེའི་སྤུན་ཟླ་དང་ཕྱིར་སྡོད་རང་མིས་མི་རིགས་ཀྱི་བདེན་དོན་མཐའ་འཁྱོངས་བྱས་ནས། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ལས་འགུལ་ཁྲོད་ཧུར་ཐག་གིས་ཞུགས་ཏེ།  འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། རྒྱལ་ཁབ་ཕྱི་ནང་གི་གཅིག་གྱུར་སྐུལ་འདེད་ཚོགས་པའི་རྩ་འཛུགས་དང་ལས་རིགས་སོ་སོའི་རྒྱལ་གཅེས་མཛའ་མཐུན་མི་སྣས་ཐེངས་འདིའི་ཚོགས་ཆེན་དེ་གོ་སྐབས་སུ་བཟུང་ནས།  ཐུན་མོང་གི་ངོས་འཛིན་དང་བློ་གྲོས།  སྟོབས་ཤུགས་བཅས་རྒྱ་ཁྱབ་ཏུ་གཅིག་སྡུད་བྱས་ནས།  ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱིས“རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ལས་འགུལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝང་ཧུའུ་ཉིང་གིས་བསྟན་དོན།  སྲ་བརྟན་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླ་དང་བཅས་པའི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ལས་དབང་དང་འབྲེལ་ཡོད།  ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་དང་ཡུན་རིང་གི་འཕེལ་རྒྱས་ལ་བརྟེན་ནས་འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱས་ནས།  མེས་རྒྱལ་ཞི་བདེ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་རང་མིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱས་ནས། མཉམ་དུ“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱས་ནས་གཅིག་གྱུར་ལ་སྐུལ་འདེད་བང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ཀྲུང་གོ་པ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས་མེས་རྒྱལ་གཅིག་གྱུར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་བསྐྲུན་པ་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་བྱེད་པར་རེ་བ་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན་ཚོགས་ཆེན་ལ་ཞུགས་ནས་ཤིས་ཚིག་ཕུལ།  ཁོས་བསྟན་དོན།  རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་ཞང་ཀང་དུ་འཛོམས་ནས།  འཛམ་གླིང་ཧྲིལ་བོའི་ཕྱིར་སྡོད་རང་མིས་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་ཏེ། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བར་མཉམ་དུ་གཞོལ་ནས། རྒྱལ་ཁབ་གཅིག་གྱུར་གྱི་ཇུས་ཆེན་མཉམ་དུ་དོན་གཉེར་བྱས་པས། “རང་བཙན”ལ་ངོ་རྒོལ་དང་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ལ་བྱས་རྗེས་གསར་པ་མངོན་པ་དང་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས།  རྒྱ་ཆེའི་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་སྤུན་ཟླ་དང་ཕྱིར་སྡོད་རང་མིས་ཀྲུང་ཧྭ་མི་རིགས་ཀྱི་སྤྱིའི་ཁེ་ཕན་དང་ཡུན་རིང་གི་འཕེལ་རྒྱས་ལ་གཞིགས་ནས་དུས་རབས་ཀྱི་ལས་འགན་ལྗིད་མོ་འཁུར་དགོས། ཀྲུང་ཧྭ་མི་རིགས་ཀྱི་མོས་མཐུན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ།“ཐའེ་ཝན་རང་བཙན”དང་ཁ་བྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སྤུན་ཟླའི་བདེ་སྐྱིད་འཕེལ་རྒྱས་དང་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལག་གདང་མཉམ་སྦྲེལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་གི་བདེ་སྐྱིད་མཉམ་དུ་གསར་སྐྲུན་བྱེད་དགོས།

ཚོགས་ཆེན་དེ་ཀྲུང་གོ་ཞི་བདེ་གཅིག་གྱུར་ཡར་སྐུལ་ཚོགས་པའི་ཞང་ཀང་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས”ཞེས་པ་དེ་རེད།   ཚོགས་འདུའི་སྟེང《2024ལོའི་ཞང་ཀང་གི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་དང་།  ཚོགས་འདུའི་རྗེས་སུ་ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་དང་།  དེ་མིན་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོ“རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་ནས་འགྲམ་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ”དང“གཞོན་ནུའི་སྟོབས་ཤུགས་འདོན་སྤེལ་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ”“ཇི་ལྟར་བྱས་ནས་དུས་རབས་གསར་པར་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་སྔར་ལས་ལེགས་པོའི་སྒོ་ནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་རྒྱུ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་གླེང་སྟེགས་ཀྱི་ཡན་ལག་ཚོགས་འདུ་བསྡུས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ཚོགས་པའི་འགན་འཁུར་བློ་མཐུན་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིས་ཅ་ཁྲའོ་དང་། དེ་མིན་འབྲེལ་ཡོད་སྲིད་གཞུང་གི་དཔོན་རིགས། ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞང་ཀང་དང་ཨོ་མིན། ཐའེ་ཝན་བཅས་ཀྱི་འབྲེལ་ཡོད་ཚོགས་པའི་འཐུས་མི་དང་། ཕྱི་རྒྱལ་གཅིག་གྱུར་སྐུལ་སྤེལ་ཚོགས་པའི་རྩ་འཛུགས་དང་རྒྱལ་གཅེས་ཕྱིར་སྡོད་རང་མིའི་ཚོགས་པའི་འཐུས་མི1200ལྷག་ཙམ་ཚོགས་འདུར་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།