ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གཉིས་ཀྱིས་མཚོ་སྔོན་དུ་རྟོག་ཞིབ་དང་མཛུབ་ཁྲིད་བྱེད་པར་ཡོང་བའི་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཡུང་ཙིག་སོགས་དང་བཞུགས་མོལ་བྱས།
ཁྲིན་ཀང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལིས་ཡུང་ཙིག་སོགས་་མཚོ་སྔོན་དུ་རྟོག་ཞིབ་དང་མཛུབ་སྟོན་བྱེད་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་བྱ་བའི་དམིགས་འབེན་ལས་འགན་དང་མདུན་སྐྱོད་ཁ་ཕྱོགས་སྔར་ལས་གསལ་བོ་བཟོས་པས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་དྲིན་ཚོར་དང་ཧུར་བརྩོན་སྒོས་མདུན་དུ་སྐྱོད་པའི་སྤྲོ་སེམས་དང་ངར་ཤུགས་ཆེ་རུ་བསྐྱེད་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི“གནས་བཞི”ཡིས་སྣེ་ཁྲིད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་སེམས་ཁུར་དང་དོ་ཁུར་བྱས་ཏེ། དངུལ་རྩས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་བ་དང་། དངུལ་རྩའི་ཉེན་ཁ་འགོག་པ་དང་སེལ་བ། དངུལ་རྩའི་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ཁྲིད་སྟོན་དང་རྒྱབ་སྐྱོར་སྔར་ལས་མང་པོ་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་དེ་སྤུས་ཚད་སྔར་ལས་མཐོ་བ་དང་སྔར་ལས་རྒྱུན་མཐུད་ཐུབ་པར་རོགས་རམ་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་ཟེར།
ལིས་ཡུང་ཙིག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དངུལ་རྩ་ལྟ་སྐུལ་དོ་དམ་བྱ་བར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བར་མ་ཟད། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་གཞི་རྩའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཁོས་བཤད་རྒྱུར། དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། མཚོ་སྔོན་དང་མཉམ་དུ་འགན་འཁྲི་མཉམ་འཁུར་དང་། གནད་དོན་གཅིག་ལ་མཉམ་དུ་ལན་འདེབས་པ། ཁ་ཕྱོགས་གཅིག་ལ་ཤུགས་འདོན་པ་བཅས་བྱས་ཏེ། དངུལ་རྩའི་སྒྲིག་གཞིས་ལྗང་མདོག་དངུལ་རྩའི་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་དང་། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་ནུས་པ་འདོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་དངུལ་རྩའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་རྒྱུ་ཡིན་ཟེར།
ཞིང་ཆེན་གྱི་འགོ་ཁྲིད་པ་ཀྲུའུ་ཞང་ཧྥུན་དང་ལིའུ་ཁྲའོ་གཉིས་ཚོགས་འདུར་ཞུགས་ཡོད།
ཚེ་རིང་སྒྲོལ་མས་བསྒྱུར།