ཟླ8པའི་ཚེས12ནས་ཟླ8པའི་ཚེས15ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་ཚན་ཆུང་བཙུགས་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མོན་ཡོན་ཧོས་རིགས་རང་སྐྱོང་རྫོང་། མདོ་ལ་རྫོང་སོགས་སུ་བསྐྱོད་དེ་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱ་བར་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་དཔྱད་གཞིའི་རྒྱུ་ཆ་ལྟ་ཀློག་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ས་གནས་སོ་སོའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ཐོ་འགོད་ཞིབ་བཤེར་བྱ་བའི་ཁྲོད་ཀྱི་མི་སྣ་བཀོད་སྒྲིག་དང་གཡུལ་ས་འཛུགས་སྐྲུན་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ས་གནས་སོ་སོའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱ་བར་ཁས་ལེན་གང་ལེགས་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལག་ལེན་ཁྲོད་གསར་འབྱེད་འཕེལ་རྒྱས་གཏོང་བ་དང་། ཇུས་གཞི་དང་དགོས་མཁོ་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱས་ཏེ་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར། དམངས་འཐུས་ཚོགས་ཆེན་གྱི་བྱ་བ་བཅས་ཀྱི་ཐད་མང་ཚོགས་ཀྱི་བསམ་འཆར་དངོས་ཁྲིམས་འཛུགས་ལས་ཁུངས་སུ་ཡར་ཞུ་བྱེད་དགོས། ཕྱོགས་སོ་སོ་བྱ་བར་ཞུགས་པའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་ས་དང“ཁང་གཉིས་ལས་སྟེགས་གཅིག”འཛུགས་སྐྲུན་གཉིས་མཉམ་འདྲེས་དམ་ཟབ་བྱས་ཏེ། ཧུར་ཐག་གིས་དཔྱད་འཇོག་དང་བྱ་དགའ། བསམ་འཆར་དང་གྲོས་འགོ་འདོན་པའི་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ། འཐུས་མི་དང་མང་ཚོགས་སྔར་ལས་མང་པོས་ཁྲིམས་འཛུགས་བྱ་བར་ཐབས་ཇུས་འདོན་སྤྲོད་བྱེད་པར་ཁྲིད་སྟོན་དང་བསྡུ་ལེན་བྱེད་དགོས།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ལྟ་སྐུལ་འགན་ནུས་ལག་བསྟར་ནན་མོ་བྱས་ཏེ། ཐོ་འགོད་ཞིབ་བཤེར་བྱ་བའི་བརྒྱུད་རིམ་སྔར་ལས་ཚད་ལྡན་དུ་བཏང་ནས། “མི་དམངས་སྲིད་གཞུང་གཅིག་དང་མི་དམངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གཅིག མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང”དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་ཐོ་འགོད་ཞིབ་བཤེར་འབྲེལ་མཐུད་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས། “ངེས་པར་དུ་དགོས་པ་དང་། གྲ་སྒྲིག་ཡོད་ན་ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ། ནོར་འཁྲུལ་ཡོད་ན་ངེས་པར་དུ་ཡོ་བསྲང་བྱེད་དགོས་པ”བཅས་བྱེད་དགོས། ནུས་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། བྱ་བའི་བཀོད་སྒྲིག་མཛུབ་སྟོན་དང་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་པ། ཐོ་འགོད་ཞིབ་བཤེར་བྱ་བའི་དཔུང་ཁག་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་ཆེན་རིམ་པའི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཞི་གྲངས་མཛོད་བེད་སྤྱོད་ཡག་པོ་བཅས་བྱས་ནས། ཐོ་འགོད་ཞིབ་བཤེར་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།
ཤ་བོ་རིན་མཚོས་བསྒྱུར།