ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་གྲོས་ཚོགས་དང2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་འདུ་ཟི་ལིང་དུ་བསྡུས།
2024.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞིང་ཆེན་ཡོངས་ཀྱི་ཚན་རིག་ལག་རྩལ་གྲོས་ཚོགས་དང2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་འདུ་ཟླ8པའི་ཚེས21ཉིན་ཟི་ལིང་དུ་འཚོགས། ཚོགས་ཐོག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བྱ་བའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གྲུབ་འབྲས་ལ་སྤྱི་སྡོམ་དང་སྔོན་ཐོན་ལ་གཟེངས་བསྟོད། བྱ་བར་བཀོད་སྒྲིག་བྱས་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་ཐད་ཀྱི་འགག་སྒྲོལ་གསར་པམངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་སྒུལ་ཤུགས་ཆེན་པོ་བསྣན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས། ཚོགས་ཞུགས་འགོ་ཁྲིད་བློ་མཐུན་ཚོས2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་གྱི་བྱས་རྗེས་ཆེན་པོའི་བྱ་དགའ་ཐོབ་མཁན་ཕན་ཐུང་སོགས་འཐུས་ཚབ་མི་སྣར་བྱ་དགའ་གནང་བར་མ་ཟད། མཚོ་སྔོན་གྱི་རིག་གནས་པའི་ཁྲོད་ཚུད་པའི་མི་སྣར་ལག་ཁྱེར་དཔང་ཡིག་བྱིན།

ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་བྱ་དགའ་ཐོབ་པའི་ལས་ཁུངས་དང་མི་སྣར་རྟེན་འབྲེལ་ཞུས་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་གནས་བབ་གསར་པའི་འོག་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་མྱུར་དུ་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གོ་དོན་དང་ལས་འགན་གཙོ་བོར་འགྲེལ་བཤད་ཆ་ཚང་བྱས་ནས། ང་ཚོས་ཚན་རྩལ་གསར་གཏོད་བྱ་བ་བཟང་བོར་སྒྲུབ་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྩ་བ་ཡིན་པ་དང་རིགས་གསར་བའི་རྒྱལ་ཡོངས་མཉམ་རུབ་ཀྱི་སྒྲིག་གཞི་ནི་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་རྨང་གཞི་ཡིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རང་བདག་གསར་གཏོད་ཀྱི་བགྲོད་ལམ་གསར་པར་བསྐྱོད་པ་ནི་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ལམ་བུ་ཡིན་པ། ཕྱོགས་ཡོངས་བཞིའི་འཐབ་ཇུས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཚན་རྩལ་གསར་གཏོད་བྱ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པར་རྒྱུས་ལོན་ཟབ་མོ་བྱས་ནས། ཚན་རྩལ་གྱི་དངོས་ཤུགས་དང་གསར་གཏོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། ས་ཁུལ་གཅིག་གི་གྲུབ་འབྲས་ཀྱིས་ས་ཁོངས་ཧྲིལ་བོར་ཕན་འདོགས་དགོས།

ཁྲིན་ཀང་གིས་རང་ཞིང་གི་ཚན་རྩལ་ལས་དོན་ཐད་ནས་བླངས་པའི་ཡར་ཐོན་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། རང་ཞིང་གི་ཚན་རྩལ་གསར་གཏོད་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་པར་རྒྱུས་ལོན་ཡང་དག་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལ་རྐང་འཛུགས་པ། མིག་སྔར་གྱི་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་དམ་འཛིན་བྱེད་པ། རང་བདག་གསར་གཏོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་ཀྱི་རྒྱལ་ཡོངས་ཀྱི་གནས་བབ་ཧྲིལ་བོའི་ཁྲོད་ཀྱི་གོ་གནས་དང་ནུས་པ་རྒྱུན་མ་ཆད་པར་མངོན་པར་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་ཐད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་མདུན་གྲལ་ལ་དམ་དུ་དམིགས་པ་དང་། མཚོ་སྔོན་གྱི་ཚན་རྩལ་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་མཐུན་གནས་བཙལ་ནས། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་དེའི་ཐད་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས། ཚན་རྩལ་གྲུབ་འབྲས་བསྒྱུར་བའི་བྱ་བ་བཟང་བོར་བསྒྲུབ་པ་དང་། གསར་གཏོད་ཀྱི་དགེ་མཚན་གྱིས་ཐོན་ཁུངས་ཀྱི་དགེ་མཚན་དེ་ཐོན་ལས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་དགོས། ཚན་རྩལ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། བྱ་དགའི་དཔྱད་འཇོག་དང་གྲུབ་འབྲས་བསྒྱུར་བའི་ཁེ་ཕན། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན། ལས་གཞི་དོ་དམ་སོགས་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སློབ་གསོ་དང་ཚན་རྩལ་འཇོན་མིའི་ལས་དོན་གཞི་གཅིག་ཏུ་འཕེལ་རྒྱས་སུ་གཏོང་དགོས། བཅོས་སྒྱུར་སྒོ་འབྱེད་དེ་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགྱོགས་གཏོང་འཕྲུལ་ཆས་དང་གནད་འགག་གི་བྱེད་ཐབས་སུ་བརྩི་བ་དང་། ཞིང་ཆེན་དང་པུའུ་ཡིས་གྲོས་མོལ་བྱེད་པ་དང་། ཞིང་ཆེན་དང་གླིང་གིས་མཉམ་ལས་བྱེད་པ། ཚན་རྩལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པ་སོགས་བརྒྱུད་དེ་ཚན་རྩལ་སྒོ་འབྱེད་དང་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རང་ཞིང་གི་ཚན་རྩལ་གསར་གཏོད་ཀྱི་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཞབས་ཞུ་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། ཕྱོགས་སོ་སོའི་ངར་སེམས་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ཆེར་བསྐྱེད་དེ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕྱོགས་ཡོངས་ནས་ཇེ་ཟབ་ནས་ཇེ་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཚན་རྩལ་གསར་གཏོད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོར་དམ་དུ་དམིགས་པ། མཐོ་སྒང་དང་ཐོན་ཁུངས། ནུས་ཁུངས་ཀྱི་གཙོ་རྒོལ་ཁ་ཕྱོགས་གཙིགས་སུ་འཛིན་པ། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་བསྒྱུར་ཚད་ཆེར་བཏང་ནས། སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་མ་ཆད་པར་བསྐྲུན་དགོས། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཔྱད་རྩོམ་དངོས་གནས་མཚོ་སྔོན་གྱི་ས་གཞིའི་སྟེང་འབྲི་དགོས། ཚན་རྩལ་སྡེ་ཁག་གིས་བཅོས་སྒྱུར་མཁྲེགས་གཏོར་ཟབ་སྤེལ་བྱེད་པ་དང་ཐོན་ཁུངས་སྡེབ་སྒྲིག་ལེགས་སྒྱུར་བྱས་ནས། ཚན་རྩལ་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་མཐོར་འདེགས་གཏོང་དགོས། མཐོ་རིམ་སློབ་གླིང་གིས་ཐོན་སློབ་མཉམ་བསྲེས་དང་ཚན་སློབ་མཉམ་འདྲེས་བྱེད་པར་ཤུགས་བསྣན་ནས། རྩེ་གྲས་གསར་གཏོད་འཇོན་མི་སྐྱེད་སྲིང་བྱེད་དགོས། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་སྣེ་ཁྲིད་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་མྱུར་དུ་བསྐྲུན་པ་དང་། མ་འོངས་འཕེལ་རྒྱས་ཀྱི་མཐོ་གནས་འཛིན་དགོས། རྒྱ་ཆེའི་ཁེ་ལས་ཀྱིས་ཐོན་སློབ་ཞིབ་གསུམ་གྱི་མཉམ་འབྲེལ་འགག་སྒྲོལ་ལ་ཤུགས་བསྣན་ནས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བའི་གཙོ་འཁྲུག་དམག་དཔུང་གི་ནུས་པ་འདོན་སྤེལ་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་བཟང་བོ་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཚོགས་ཐོག་ཏུ། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ལིའུ་ཁྲའོ་ཡིས་སོ་སོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲའོ་ཞིན་སོགས་མི་ལྔར་སྐབས་གསུམ་པའི་མཚོ་སྔོན་གྱི་རིག་གནས་པའི་མཚན་སྙན་གནང་བའི་སྐོར་གྱི་ཆོད་དོན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས། བྱ་དགའ་ཐོབ་པའི་འཐུས་ཚབ་མི་སྣ་དང་ཚན་རིག་ཞིབ་འཇུག་མི་སྣའི་འཐུས་ཚབ་པས་བརྗེ་རེས་གཏམ་བཤད་སྤེལ།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་ཉི་མ་སྒྲོལ་མ། ཝང་ཀྲིན་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།