ས་དེའི་དུས་ཚོད་ཟླ8པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོ་ཡི་ཁི་ལིས་མུའུ་ལིན་ཕོ་བྲང་དུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་ལ་བསྐུར་བའི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་སྒྲོག་གནང་ནས་བསྟན་དོན། ད་ལོར། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཐུག་འཕྲད་ཐེངས་གཉིས་གནང་བ་དེས། ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ། ཕྱོགས་གཉིས་ཀའི་འབྲེལ་བ་དང་མཉམ་ལས་སྔར་ལས་ཟབ་སྤེལ་གཏོང་ཆེད་འཆར་གཞི་གསར་པ་བཟོས་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ལ་ཡང་ཕན་ཐོགས་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཕྱོགས་གཉིས་ཀའི་འབྲེལ་བའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས། དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་ཏུ་འཇུག་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་མིག་སྔར་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ལ་སྐུལ་འདེད་ཟབ་སྤེལ་གཏོང་བར་འཕེལ་རྒྱས་ཀྱི་གོ་སྐབས་ཧ་ཅང་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བའི་དུས་མཚུངས་སུ། གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་གསར་འབྱེད་འབད་པས་བྱེད་པ་དང་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་སྔར་ལས་མཐོང་ཆེན་བྱས་ཏེ། དཔལ་འབྱོར་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་འདོད་ཡོད། ཕྱོགས་གཉིས་ཀས་རིག་གནས་ཡུལ་སྐོར་དང་སློབ་གསོ། ན་གཞོན། ས་གནས་སོགས་ཀྱི་བརྗེ་རེས་མཉམ་ལས་མུ་མཐུད་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་སྔར་ལས་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ནས། ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་བྱ་གཞག་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱེད་དགོས། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་པའི་རྒྱབ་ལྗོངས་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ། ཕྱོགས་མང་མཐུན་སྦྱོར་ལ་སྔར་ལས་ཤུགས་སྣོན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཟམ་མི་ཆད་པར་ཟབ་སྤེལ་གཏོང་བ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་བ། རང་ངོས་ཀྱི་ལུགས་མཐུན་ཁེ་དབང་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྔར་ལས་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།
ཕུའུ་ཅིན་གྱིས་ད་ལོ་ནི་ཨུ་རུ་སི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བའི་ལོ་ཡིན་པས རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ངོས་ནས་བཤད་ན་རྗེས་དྲན་བྱེད་རིན་ཡོད་པའི་ལོ་དམིགས་བསལ་བ་ཞིག་ཡིན། དེ་རིང་སྔ་དྲོ་རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་ལོ་འཁོར་གྱི་ཐུག་འཕྲད་བྱས་ནས། དཔལ་འབྱོར་ཚོང་དོན་དང་མི་གཞུང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད། མཉམ་ལས་ཡིག་ཆ་རབ་དང་རིམ་པར་མིང་རྟགས་བཀོད་པ་དེ་ནི། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནུས་ལྡན་བྱས་པའི་མངོན་སྟངས་ཡག་པོ་ཞིག་ཡིན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། གཉིས་ཕན་གཉིས་རྒྱལ་ལ་སྔར་ལས་ཤུགས་སྣོན་རྒྱུ་དང་། མི་གཞུང་རིག་གནས་ཀྱི་འགྲོ་འོང་རྒྱ་སྐྱེད་གཏོང་བ། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་གཏུག་དང་རོགས་ལས་དམ་ཟབ་བཅས་བྱས་ནས། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་འདོད་ཡོད་ཅེས་བསྟན།
ཧི་ལིས་ཧྥུན་དང་ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན་བཅས་མཇལ་འཕྲད་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།