རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ8པའི་ཚེས21ཉིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐོབ་པའི་ཕན་འབྲས་གསར་པ་ངོ་སྤྲོད་བྱས།
དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་རང་རྒྱལ་ལ་རིམ་པ་མང་བ་དང་ཁྱབ་རྒྱ་ཆེ་བ། ཁྱད་པར་ཅན་བཅས་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་ལག་ཆགས་ཤིག་ཡོད་པ་དང་། དངུལ་ཁང་ལས་རིགས་ཀྱི་མ་རྩའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་འགན་བཅོལ་ཁྲོམ་རའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད། ད་ལོ་ནས་བཟུང་དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་བསྡོམས་འབོར་བརྟན་པོའི་ངང་འཕར་སྣོན་བྱུང་བ་དང་གྲུབ་ཚུལ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། ཟླ7པའི་ཟླ་མཇུག་ཏུ་མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་མོ་ཁྲག་ཁྲིག་ཆེན་མོ་གཉིས་དང་ཁྲག་ཁྲིག་ལྔ་ཐེར་ཆེན་གཅིག་ཟིན་པ་དེ་ལོ་སྟོད་ལས་སྒོར་མོ་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་ཐེར་ཆེན་ལྔ་འཕར་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་དང་། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་དངུལ་བུན། གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་དངུལ་བུན། ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་བཅས་ཚང་མ་དངུལ་བུན་སོ་སོའི་ཆ་སྙོམས་འཕར་ཚད་ལས་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད་པ་རེད།
དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་མཉམ་དུ། དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་དེ་ད་ལོ་ནས་བཟུང་འཕེལ་རྒྱས་བརྟན་པོའི་ངང་ཇེ་ལེགས་སུ་སོང་བ་དང་། ཉེན་ཁ་ཚོད་འཛིན་ཐུབ་པ། གཉེར་སྐྱོང་དམིགས་འབེན་གཙོ་བོ་དང་ལྟ་སྐུལ་དོ་དམ་དམིགས་འབེན་ཚང་མ་བདེ་ཐང་ལུགས་མཐུན་གྱི་ཁྱབ་ཁོངས་སུ་གནས་ཡོད།
དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡིས། གོ་རིམ་རྗེས་མར་ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་མྱུར་དུ་བསྐྲུན་ནས། “ཚན་རྩལ་དང་ཐོན་ལས། དངུལ་རྩ”འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། དུས་མཚུངས་སུ་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་དཔལ་འབྱོར་གྱི་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀུན་ཕན་དངུལ་རྩ་དང་། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་སྔར་ལས་ལེགས་པོ་བྱེད་རྒྱུ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།