ལིས་ཆང་མེན་སི་ཁི་རུ་འབྱོར་ནས་ཨུ་རི་སི་དཀར་པོར་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས།
2024.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 188

ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ས་དེ་གའི་དུས་ཚོད་ཟླ8པའི་ཚེས22ཉིན་གྱི་སྔ་དྲོར་གནམ་གྲུར་བསྡད་དེ་མེན་སི་ཁི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས་ཨུ་རི་སི་དཀར་པོར་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས། ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་སོགས་གནམ་ཐང་དུ་ཡོང་ནས་བསུ་མ་བྱས། 

ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ས་དེ་གའི་དུས་ཚོད་ཟླ8ཚེས22ཉིན་གྱི་སྔ་དྲོར་གནམ་གྲུར་བསྡད་དེ་མེན་སི་ཁི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས་ཨུ་རི་སི་དཀར་པོར་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་རྣམས་མཉམ་དུ་གནམ་གྲུ་ཐང་དུ་འབྱོར།

ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་དང་ཨུ་རི་སི་དཀར་པོར་སྡོད་པོའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞའེ་ཞའོ་ཡུང་སོགས་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་ཞུས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེའི་ལོ་རྒྱུས་རྒྱུན་རིང་བ་དང་། ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ངོ་སོ་གཉིས་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་གཉིས་ཀྱིས་སྐུ་དངོས་སུ་སྐུལ་འདེད་བྱས་པར་བརྟེན་ཕྱོགས་གཉིས་ཀྱི་འབྲེལ་བ་སྤུས་ཚད་མཐོ་བའི་ངང་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་། ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་ཇེ་བརྟན་དུ་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྤྱི་ཚོགས་རིག་གནས་བརྗེ་རེས་བྱེད་ཚད་ཉིན་རེར་ཇེ་ཟབ་ཏུ་ཕྱིན་ཞིང་། རྒྱལ་སྤྱིའི་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ཡོད།

ལིས་ཆང་གིས་ད་ལོའི་ཟླ7པར་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡང་བསྐྱར་མཇལ་འཕྲད་གནང་བ་དེས་ཀྲུང་གོ་དང་ཨུ་རི་སི་དཀར་པོའི་འབྲེལ་བའི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་སྣེ་ཁྲིད་དང་བཀོད་སྒྲིག་གསར་པ་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོའི་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། དངོས་སྒྲུབ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་འཕེལ་རྒྱས་འབྱོར་ཕྱུག་གི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་བསྟན།

ལིས་ཆང་གིས་ཀྲུང་གོ་དང་ཨུ་རི་སིའི་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་ཉེར་དགུ་པར་འགོ་འཛིན་བྱས་ནས་ཨུ་རི་སིར་དངོས་གཞིའི་འཚམས་འདྲི་གནང་རྗེས་མེན་སི་ཁི་རུ་འབྱོར་ཞིང་། མོ་སི་ཁི་དང་ཁ་འབྲལ་སྐབས་ཨུ་རི་སིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་དང་ཨུ་རི་སིར་སྡོད་པོའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧོས་སོགས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།

ཚེ་རིང་སྒྲོལ་མས་བསྒྱུར།