ལིས་ཆང་གིས་ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་དང་གྲོས་མོལ་གནང་།
2024.08.23 ཁུངས། ཀློག་གྲངས། 132

ས་དེའི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མིན་སི་ཁི་རུ་ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་དང་གྲོས་མོལ་གནང་།

ས་དེའི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མིན་སི་ཁི་རུ་ཨུ་རི་སི་དཀར་པོའི་ཙུང་ལི་ཀི་ལུའོ་ཧྥུའུ་ཆིན་ཁི་དང་གྲོས་མོལ་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སི་དཀར་པོའི་སྲོལ་རྒྱུན་མཛའ་བརྩེར་ལོ་རྒྱུས་ཡུན་རིང་ལྡན།     ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རི་སི་དཀར་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་དང་།    རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་པ།    གཉིས་ཕན་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་།   ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ།    དུས་ནམ་ཡང་གྲོགས་པོ་བཟང་པོ་བྱས་ཏེ།  ཕྱོགས་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་སྟེང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱེད་པ་དང་།    ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས།    རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་དགོས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོ་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། ཉོ་འཚོང་དངུལ་གཏོང་དང་གཞི་གྲངས་དཔལ་འབྱོར།    ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔར་ལས་སྔོག་འདོན་བྱས་ནས། སློབ་གསོ་དང་རིག་གནས།    ཡུལ་སྐོར་སོགས་མི་གཞུང་རིག་གནས་བརྗེ་རེས་རྒྱ་ཆེར་གཏོང་འདོད་ཡོད།     ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་དཀར་པོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་ཐད་ཀྱི་འབྲེལ་གཏུག་དང་རོགས་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་གྲོས་འགོ་ཆེན་པོ་གསུམ་ཧུར་ཐག་གིས་དོན་འཁྱོལ་བྱས་ཏེ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།

ཀི་ལུའོ་ཧྥུའུ་ཆིན་ཁི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཉེ་བའི་ལོ་འགའི་རིང་ཨུ་རི་སི་དཀར་པོ་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་མངོན་གསལ་བྱུང་ཡོད།     ཨུ་རི་སི་དཀར་པོ་ཀྲུང་གོའི་གྲོགས་པོ་བཟང་པོ་བྱེད་འདོད་ཡོད་པས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་མོ་བྱེད་པ་དང་། ཞང་ཀང་དང་ཞིན་ཅང་།    བོད་ལྗོངས་སོགས་ཀྱི་འབྲེལ་བའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་འདོད།    ཀྲུང་གོ་ཕྱོགས་ཀྱིས་ལོ་མང་པོའི་རིང་ཨུ་རི་སི་དཀར་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པས། ཨུ་རི་སི་དཀར་པོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབ་བྱས་ཏེ། རིམ་པ་སོ་སོའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཉོ་ཚོང་དང་བཟོ་ལས།    ཚན་རྩལ།    ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་།    ས་གནས་དང་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ།    རྒྱལ་སྤྱི་དང་ཕྱོགས་མང་ལས་དོན་གྱི་མཉམ་ལས་དམ་ཟབ་བཅས་བྱས་ནས། ཨུ་རི་སི་དཀར་པོ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ལིས་ཆང་དང་ཀི་ལུའོ་ཧྥུའུ་ཆིན་ཁི་གཉིས་ཀྱིས་མཉམ་དུ“2024ལོ་ནས2025ལོའི་བར་ཀྲུང་གོ་དང་ཨུ་རི་སི་དཀར་པོའི་ཚན་རྩལ་གསར་གཏོད་ལོ”དངོས་སུ་འགོ་བརྩམས་པ་དང་། ཀྲུང་གོ་དང་ཨུ་རི་སི་དཀར་པོའི་རྨང་གཞིའི་ཚན་རིག་ཞིབ་འཇུག་ལྟེ་གནས་དང་ཨུ་རི་སི་དཀར་པོའི་རྒྱལ་ཁབ་དཔེ་མཛོད་ཁང་གི་ཀྲུང་གོའི་དཔེ་དེབ་ལྟེ་གནས་སོགས་བཙུགས་པ་ཁྱབ་བསྒྲགས་བྱས།     གྲོས་མོལ་བྱས་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨུ་རི་སི་དཀར་པོ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་འབྲེལ་སྤྱི་བསྒྲགས》ལ་མིང་རྟགས་བཀོད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་དང་།    ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་། ལྗང་མདོག་འཕེལ་རྒྱས།    ཚན་རྩལ།    མི་གཞུང་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཉམ་དུ་མིང་རྟགས་བཀོད་པ་མ་ཟད་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

གྲོས་མོལ་མ་བྱས་སྔོན། ཀི་ལུའོ་ཧྥུའུ་ཆིན་ཁི་ཡིས་ལིས་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།     ལིས་ཆང་གིས་ཀི་ལུའོ་ཧྥུའུ་ཆིན་ཁི་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས།

ཤ་བོ་རིན་མཚོས་བསྒྱུར།