​ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་དང་ཁ་པར་གྲོས་མོལ་གནང་།
2024.08.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 22

ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོ་དང་ཁ་པར་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་སི་ཐཱ་མོ་ཡིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་བཞེས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་ཆེ་ནའང་། ཀྲུང་དབྱིན་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་ཡིན་པས། ཡུན་རིང་དང་འཐབ་ཇུས་ཀྱི་མིག་རྒྱང་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། རོགས་རེས་ངེས་གནས་རྒྱུན་འཁྱོངས་བྱེད་པ། གྲོས་མོལ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བརྟན་ལྷིང་དང་གཉིས་ཕན་གྱི་ཀྲུང་དབྱིན་འབྲེལ་བས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་དགོས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་བྱེད་པ་དང་། ཞི་བདེ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོར་ལུགས་མཐུན་གྱི་ལྟ་སྟངས་འཛིན་རྒྱུའི་རེ་བ་ཆེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་ཚད་ཇེ་མགྱོགས་སུ་གཏོང་བ་དང་། བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དེས་དབྱིན་ཇི་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་མཁོ་འདོན་བྱ་ངེས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་འདྲ་མཉམ་གྲོས་མོལ་བྱས་ནས་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། དངུལ་རྩ་དང་། ལྗང་མདོག་དཔལ་འབྱོར། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གཉིས་ཕན་མཉམ་རྒྱལ་དེ་ཀྲུང་དབྱིན་འབྲེལ་བའི་ནང་དོན་གཙོ་བོར་འགྱུར་བར་བྱེད་འདོད་ཡོད་ཅེས་གསུངས། 

སི་ཐཱ་མོ་ཡིས་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྟེང་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་པར་རྟེན་འབྲེལ་ཞུས་པ་དང་། དབྱིན་ཀྲུང་མཉམ་ལས་འབྲེལ་བ་སྔར་ལས་དམ་ཟབ་སྒོས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱོགས་གཉིས་ཀྱི་ཡུན་རིང་གི་ཁེ་ཕན་དང་མཐུན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། སློབ་གསོ། དག་གཙང་ནུས་ཁུངས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཚེ་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་བར་ཕན་ཐོགས་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འབྲེལ་གཏུག་དང་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་དང་ལམ་སྲོལ་རང་བཞིན་གྱི་བརྗེ་རེས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཕན་ཚུན་བརྩི་འཇོག་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཡུན་རིང་དང་། བརྟན་ལྷིང་། འཐབ་ཇུས་ཀྱི་དོན་སྙིང་ལྡན་པ་བཅས་ཀྱི་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་རེ་བ་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་བར་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་འཇོག་འདོད་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཡུན་རིང་བོར་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པའི་ལངས་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་བར་གྱི་འབྲེལ་གཏུག་དང་གྲོས་མོལ་བརྗེ་རེས་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འདུན་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། དབྱིན་ཇི་ཕྱོགས་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱིན་འབྲེལ་བ་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་བཏང་སྟེ་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཤ་བོ་གསེར་མཚོས་བསྒྱུར།