ཟླ8པའི་ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ།《ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་གྲུབ་པར་སྔར་ལས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་གནང་།
གྲོས་ཚོགས་ལས་ནུབ་རྒྱུད་གསར་སྤེལ་ཆེན་མོ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། ཏང་ཀྲུང་དབྱང་གི་འཐབ་ཇུས་འདོད་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ངེས་གནས་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་བཅས་བྱས་ནས་མཐར་ཕྱིན་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ། སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དོ་སྣང་བཅས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་པ། ས་ཁོངས་སྤྱིའི་སྟོབས་ཤུགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན།
གྲོས་ཚོགས་ལས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་ལས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སྤེལ་དང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་གྱི་དོན་དངོས་དང་མཐུན་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་དགོས། ནུས་པའི་གནས་ཐིག་གཏན་འཁེལ་དང་ཐོན་ལས་ཀྱི་རྨང་གཞི་དངོས་ནས་རྐང་ཚུགས་པར་བྱས་ཏེ། ཁྱད་ལྡན་དང་དགེ་མཚན་ཆེ་བའི་ཐོན་ལས་ཀྱི་སྟོབས་ཤུགས་སྔར་ལས་བསྣན་ནས། སྲོལ་རྒྱུན་ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་རྒྱུ་དང་། མཛེས་སྡུག་ལྡན་པའི་ནུབ་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བ། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་བཅོས་སྐྱོང་མ་ལག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཁོར་ཡུག་སྦགས་བཙོག་འགོག་བཅོས་ནན་མོ་བྱེད་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཆུ་ཚད་མཐོ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་ཁུངས་ཐོན་ཁུངས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཀྱི་མི་འབོར་གཞི་ཁྱོན་ཆེ་བའི་སྒོ་ནས་ཡང་བསྐྱར་དབུལ་པོ་རུ་མི་འགྱུར་བར་འབད་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་བརླིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཀྲུང་དབྱང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ལས་འགན་ཞིབ་ཕྲ་ཅན་དུ་བཏང་ནས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཁག་གིས་དམིགས་འབེན་རང་བཞིན་ལྡན་པའི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་གང་ལེགས་བྱས་ནས་དངོས་སུ་བཏོན་ཏེ་ཕན་འབྲས་ཐོན་པར་བརྩོན་ལེན་བྱེད་དགོས། ནུབ་རྒྱུད་ས་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་འཁྲིའི་འགན་འཁྲི་ཏན་ཏིག་ངང་ཁུར་ནས། འབད་བརྩོན་གྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་འབད་དགོས། གོམ་པ་རེ་རེ་བཞིན་ལས་གཉེར་དང་དུས་ཡུན་རིང་པོར་བྱས་རྗེས་བཞག་སྟེ། བཀོད་སྒྲིག་གི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱས་ཏེ། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས་ཞེས་ནན་གྱིས་བསྟན།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།