ཚེས23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཕུལ་དུ་བྱུང་བའི་ཚན་རིག་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་མཁས་ཅན། ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ་ཟུར་པ། ཏང་ཙུའུ་ཧྲུའུ་ཅི། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་དང་དེ་སྔའི་ཀྲུའུ་ཞི། སྐབས་དགུ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་བློ་མཐུན་ཀྲིག་ཀོང་ཀྲའོ་ཡི་སྐུ་གདུང་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་དུར་སར་སྦྱིན་བསྲེག་བྱས།
བློ་མཐུན་ཀྲིག་ཀོང་ཀྲའོ་ནད་ཕོག་ནས2024ལོའི་ཟླ8པའི་ཚེས17ཉིན་གྱི་ཆུ་ཚོད22དང་སྐར་མ55ཡི་སྟེང་པེ་ཅིང་དུ་སྐུ་གཤེགས་ཤིང་། སྐུ་གཤེགས་སྐབས་དགུང་ལོ་95རེད།
བློ་མཐུན་ཀྲིག་ཀོང་ཀྲའོ་ནད་ལྕི་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞི་ཅིན་ཕིང་དང་། ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིན། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པ་དང་། རྣམ་པ་སྣ་ཚོགས་ལ་བརྟེན་ནས་བློ་མཐུན་ཀྲིག་ཀོང་ཀྲའོ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་བྱས།
ཚེས23ཉིན་གྱི་སྔ་དྲོ། པ་པོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོའི་ཚོགས་ཆེན་དུ་གཟི་བརྗིད་ལྡན་པ་དང་སྐྱོ་གདུང་གི་རོལ་དབྱངས་དལ་བུར་གྲགས་བཞིན་ཡོད། ཚོམས་ཆེན་གཙོ་བོའི་སྟེང་དུ་ཞབས་ནག་པོ་དང་ཡི་གེ་དཀར་པོའི་བློ་མཐུན་ཀྲིག་ཀོང་ཀྲའོ་སྐུ་གཤེགས་པར་གདུང་སེམས་ཆེན་པོ་སྐྱེས་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་། འཕྲེད་འགེལ་སྦྱར་ཡིག་གི་འོག་ཏུ་བློ་མཐུན་ཀྲིག་ཀོང་ཀྲའོ་ཡི་སྐུ་བརྙན་བཞག་ཡོད། བློ་མཐུན་ཀྲིག་ཀོང་ཀྲའོ་ཡི་སྐུ་གདུང་མེ་ཏོག་དང་ཤུག་པའི་ཤིང་ལོའི་ཁྲོད་དུ་བཞག་ཡོད་པ་དང་། ལུས་སྟེང་དུ་བཀྲག་མདངས་ཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་དམར་པོས་བཀབ་ཡོད།
སྔ་དྲོའི་ཆུ་ཚོད9དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་དང་ཀྲའོ་ལི་ཅི། ཝང་ཧུའུ་ཉིན། ཚའེ་ཆི། ཏིན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཀྱིས་མྱ་ངན་གྱི་རོལ་དབྱངས་དང་མཉམ་དུ་གོམ་པ་དལ་གྱིས་བློ་མཐུན་ཀྲིག་ཀོང་ཀྲའོ་ཡི་སྐུ་གདུང་མདུན་དུ་ཡོང་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ཀྲིག་ཀོང་ཀྲའོ་ཡི་སྐུ་གདུང་ལ་གུས་འདུད་ཐེངས་གསུམ་བྱས་པར་མ་ཟད། བློ་མཐུན་ཀྲིག་ཀོང་ཀྲའོ་ཡི་གཉེན་ཉེ་དང་རེ་རེ་བཞིན་ལག་འཇུ་བྱས་ནས་འཚམས་འདྲི་བྱས།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་སུ་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཀྲིག་ཀོང་ཀྲའོ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་ཕེབས་སྐྱེལ་བྱེད་པར་ཕེབས་ཡོད།
ཤ་བོ་རིན་མཚོས་བསྒྱུར།