ཞི་ཅིན་ཕིང2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པར་མ་ཟད་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་རེད།
2024.08.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 36

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ9པའི་ཚེས5ཉིན2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་གཏམ་བཤད་གལ་ཆེན་གནང་རྒྱུ་རེད།    རྩེ་ཚོགས་ཀྱི་དུས་སྐབས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གདན་ཞུས་ལྟར་ཚོགས་འདུར་ཞུགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁའི་འགོ་ཁྲིད་ཁོངས་མི་དང་།    འབྲེལ་ཡོད་ཨ་ཧྥེ་རི་ཁའི་ས་ཁུལ་རྩ་འཛུགས་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་སོགས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་དང་འབྲེལ་ཡོད་ཕྱོགས་གཉིས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

ཟླ8པའི་ཚེས23ཉིན། ཕྱི་འབྲེལ་པུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་འབྲེལ་ཡོད་བྱེད་སྒོ་སྤེལ་བའི་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་བྱད་ལ་གནས་ཚུལ་བསྒྲགས་པ་རེད།

ཕྱི་འབྲེལ་པུའུ་ཡིས་བསྟན་དོན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད་གཙོ་དོན་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆུ་ཚད་མཐོ་བའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་འདུ་ཤེས་གསར་པ་དང་འདོད་ཚུལ་གསར་པ་རྒྱས་བཤད་གནང་བ་དང་།    ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ཀྱི་བྱ་སྤྱོད་གསར་པ་དང་བྱེད་ཐབས་གསར་པ་ཁྱབ་བསྒྲགས་གནང་རྒྱུ་མ་ཟད།   རྩེ་ཚོགས་ནང་ཞུགས་མཁན་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པར་ཕྱོགས་གཉིས་ཀྱི་འབྲེལ་ཡོད་བྱེད་སྒོ་སྤེལ་རྒྱུ་རེད།     ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་ཀྱིས“ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་རྒྱུ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། མཛའ་བརྩེ་མཉམ་དུ་གླེང་བ་དང་མཉམ་ལས་ལ་གྲོས་མོལ།    མ་འོངས་མཉམ་དུ་གླེང་རྒྱུ་རེད། དེ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེའི་ཁྱིམ་ཚང་ཆེན་པོའི་ཡང་བསྐྱར་མཉམ་འཛོམས་བྱས་པ་ཞིག་ཡིན་ལ། ཀྲུང་གོས་ཉེ་བའི་ལོ་འགའི་རིང་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་ཕྱི་རྒྱལ་གྱི་འགོ་ཁྲིད་པ་ཞུགས་པ་ཆེས་མང་པོའི་འགྲན་ར་གཙོ་བོའི་ཕྱི་འབྲེལ་ཞིག་ཀྱང་རེད།     གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚོགས་པའི་སྣེ་ཁྲིད་དེ་ཚོགས་འདུར་ཞུགས་རྒྱུ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མིའང་རྩེ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་རེད།     སྐབས་དེ་དུས་ད་དུང་རྒྱལ་སྲིད་སྐྱོང་ལུགས་དང་།    བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་དུ་འགྱུར་བ།    ཞི་བདེ་བདེ་འཇགས།    སྤུས་ཚད་མཐོ་བའི “རྒྱུད་གཅིག་ལམ་གཅིག” མཉམ་སྐྲུན་བཅས་གྲོས་གཞིར་བྱས་པའི་རིམ་པ་མཐོ་བའི་ཚོགས་འདུ་ཐེངས་བཞི་དང་དེ་མིན་སྐབས་བརྒྱད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁེ་ལས་པའི་ཚོགས་ཆེན་འཚོག་རྒྱུ་རེད།     རྩེ་ཚོགས་ཐོག་ད་དུང《བསྒྲགས་གཏམ》དང《བྱ་སྤྱོད་འཆར་གཞིའི》གྲུབ་འབྲས་ཡིག་ཆ་གཉིས་ལ་གྲོས་འཆམ་བྱ་རྒྱུ་རེད།

ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ24འགོར་བའི་རིང་དང་ལྷག་པར་དུ་དུས་རབས་གསར་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཐུན་མོང་གིས་གྲོས་མོལ་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པས། གླེང་སྟེགས་འཛུགས་སྐྲུན་གྱི་གྲུབ་འབྲས་མི་རྣམས་དགའ་འོས་པ་ཞིག་བྱུང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི“གསེར་གྱི་བྱང་བུ”དང་རྒྱལ་སྤྱིའི་ཐོག་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྣེ་ཁྲིད་དང“འཛམ་གླིང་ལྷོ་ཕྱོགས”ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་དར་ཆ་ཞིག་ཏུ་གྱུར་ཡོད།     ཕྱོགས་གཉིས་ཀྱིས་མཛའ་བརྩེའི་མཉམ་ལས་ལ་དམིགས་ཏེ་གླེང་སྟེགས་འཛུགས་སྐྲུན་དང་གྲུབ་འབྲས་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་འདེད་བཏང་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།

ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པས། ཨ་ཧྥེ་རི་ཁ་ཚུད་པའི་འཛམ་གླིང་རྒྱལ་ཁབ་སོ་སོའི་གོ་སྐབས་དང་རེ་བ་སྔར་ལས་མང་པོ་སྦྱིན་རྒྱུ་རེད།     ཐེངས་འདིའི་རྩེ་ཚོགས་ཀྱིས་ཕྱོགས་གཉིས་པོས་འགྲན་སློང་ལ་ཁ་གཏད་འཇལ་ཆེད་རྒྱ་ཁྱབ་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་ཆེད་ཡངས་ཤིང་རྒྱ་ཆེ་བའི་སྟེགས་བུ་བསྐྲུན་རྒྱུ་ཡིན་ལ། ཀྲུང་གོས་ཨ་ཧྥེ་རི་ཁ་ཕྱོགས་དང་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་སྐྱོད་ལམ་གསར་པར་བསྐྱོད་པ་དང་།    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ།    ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེའི་ལེའུ་གསར་པ་མུ་མཐུད་དུ་འབྲི་བ།    ཀྲུང་གོ་དང་ཨ་ཧྥེ་རི་ཁས་འཛམ་གླིང་བཅོས་སྐྱོང་མ་ལག་བཅོས་སྒྱུར་ལ་སྣེ་ཁྲིད་བྱེད་པའི་དུས་རབས་ཀྱི་གདང་དབྱངས་དྲག་པོ་མཉམ་དུ་སྤེལ་ནས། འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།