སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ནང་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ངེས་པར་དུ་ཕུགས་རྒྱང་རིང་དགོས། ཏ་ལིའི་ཨར་ཧེ་མཚོ་མོའི་འགྲམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ་ངེས་པར་དུ་ཨར་ཧེ་མཚོ་མོར་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་། ཉེ་བའི་ལོ་བཅུའི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཨར་ཧེ་མཚོ་མོའི་སྲུང་སྐྱོབ་བཅོས་སྐྱོང་དང་དེ་མིན་འབབ་རྒྱུད་ཚུལ་སྒྱུར་འཕེལ་རྒྱས་ལ་དམིགས་ཏེ། ས་གནས་དེ་གས་མཚེའུ་གཅིག་བཅོས་སྐྱོང་བྱེད་པ་ནས་འབབ་རྒྱུད་བཅོས་སྐྱོང་དང་། སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་བསྒྱུར་ནས། ཆུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད།
ཡུན་ནན་ཏ་ལིའི་ཨར་ཧེ་མཚོ་མོའི་ངོས་སུ་མེ་ཏོག་མུ་འབྲེལ་བཞད་ནས་ཡུལ་སྐོར་པ་མང་པོའི་ཡིད་དབང་བཀུག་ཡོད།
མཚོ་ཚལ་མེ་ཏོག་ནི་ཆུའི་སྤུས་ཚད་མཚོན་པའི་སྐྱེ་དངོས་སུ་བརྩི་བཞིན་ཡོད། ལོ་ངོ་ཉི་ཤུ་ལྷག་གི་སྔོན་ལ། ཨར་ཧེ་མཚོ་མོའི་ཆུའི་སྤུས་ཚད་ཆེས་ཆེར་དམའ་རུ་ཕྱིན་པའི་དབང་གིས་གཞི་ཁྱོན་ཆེ་བའི་ཆུ་རྩྭ་སྔོན་པོ་ཐེངས་འགར་བྱུང་མྱོང་པ་དང་། མཚོ་ཚལ་མེ་ཏོག་དེ་ཨར་ཧེ་མཚོ་མོའི་སྟེང་རྗེས་ཤུལ་རྙེད་དཀའ་བར་གྱུར།
ཨར་ཧེ་ཡི་འགྱུར་ལྡོག་ནི་གཙོ་བོ་ཉེ་བའི་ལོ་བཅུའི་རིང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་བྱུང་བ་ཡིན། 2015ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་པ་དང་། ཨར་ཧེ་མཚོ་མོའི་འགྲམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་མོད། འོན་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་མི་རུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་དུས་ཡུན་རིང་པོར་བྱས་རྗེས་འཇོག་དགོས་ལ། ངེས་པར་དུ་ཨར་ཧེ་མཚོ་མོར་སྲུང་སྐྱོབ་ཡག་པོ་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས་ཏ་ལི་ཡིས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཨར་ཧེ་མཚོ་མོའི་སྦགས་བཙོག་གནད་དོན་བཅོས་སྐྱོང་བྱས། ཨར་ཧེ་མཚོ་མོའི་འབྱུང་ཁུངས་ཡིན་པའི་ཨར་ཡོན་རྫོང་གིས་ཨར་ཧེ་མཚོ་མོའི་ས་ངོས་ཀྱི་བཞུར་རྒྱུག་ཆུའི་ཕྱེད་ཀ་ཡན་ལ་བྱས་རྗེས་བཞག་ཡོད། ཨར་ཧེ་མཚོ་མོའི་མགོ་ཁུངས་སྲུང་སྐྱོབ་ལ་འགན་སྲུང་བྱ་ཆེད། ས་གནས་དེ་གར་མུའུ་ཁྲི3ལྷག་གི་མིས་བཟོས་བརླན་ས་བསྐྲུན་པ་མ་ཟད། རྨང་འདིང་སླར་གསོ་དང་རྩི་ཤིང་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་བརླན་ས་རིམ་སྤོར་སྒྱུར་བཀོད་བྱས་པས། ཨར་ཧེ་མཚོ་མོའི་ཆུའི་སྤུས་ཚད་དེ་རིགས་ལྔ་པ་ནས་རིགས་གཉིས་པ་དང་གསུམ་པའི་བར་མཐོ་རུ་བཏང་ཡོད།
ཆུའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་པ་དེས་མཚོ་ཚལ་མེ་ཏོག་གཞི་ཁྱོན་ཆེན་པོས་སྐྱེ་འཕེལ་བྱུང་པ་མ་ཟད། ས་གནས་སྲིད་གཞུང་གིས་ཞིང་པ་ཕྱུག་འགྱུར་བྱེད་པ་དང་ཡོང་འབབ་འཕར་བའི་ཚོང་ལས་ཀྱི་གོ་སྐབས་ཀྱང་མཐོང་།
ད་ལྟ། ཏ་ལིའི་ཟ་ཁང་ནང་མཚོ་ཚལ་མེ་ཏོག་ནི་ཡུལ་སྐོར་པ་མང་པོ་ཞིག་གིས་བྲོ་བ་མྱོང་ཐུབ་པའི་ཏ་ལིའི་ཁྱད་ཆོས་ལྡན་པའི་སྔོ་ཚལ་ཞིག་ཡིན་པ་དང་། ཡུལ་སྐོར་པ་མང་བའི་དུས་སྐབས་སུ་འདོན་སྤྲོད་བྱེད་དཀའ་བའི་སྔོ་ཚལ་དུ་གྱུར་ཡོད།
ཨར་ཧེ་མཚོ་མོའི་སྲུང་སྐྱོབ་བཅོས་སྐྱོང་དང་བཞུར་རྒྱུད་ཚུལ་སྒྱུར་རིམ་སྤོར་འཕེལ་རྒྱས་བཀོད་འདོམས་པུའུ་རུ། གསར་འགོད་པས་ད་ལྟ་ཨར་ཧེ་མཚོ་མོའི་ཆུ་ཁུངས་བཅོས་སྐྱོང་བྱས་པ་ལས་གཞན། ཨར་ཧེ་མཚོ་མོའི་འབབ་རྒྱུད་ཧྲིལ་པོར་སྤྱི་ལེ5700ལྷག་ཙམ་གྱི་བཙོག་ཆུའི་སྦུག་ལམ་དྲ་བ་དང་། བསྐྱར་བཀོད་ཆུའི་བཟོ་གྲྭ་ཉི་ཤུ། སྐྱེ་ལྡན་བེད་མེད་དངོས་པོ་བསྡུ་རུབ་ས་ཚིགས་ཉེར་ལྔ་བཅས་བསྐྲུན་ནས། བཙོག་ཆུ་དང་གད་སྙིགས་ཕྱོགས་ཡོངས་བསྡུ་ཐུབ་པར་གྱུར་པ་དང་། ཨར་ཧེ་མཚོ་མོའི་སྐྱེ་ཁམས་འགོག་སྲུང་དྲ་བ་ཧ་ཅང་ཆེན་པོ་ཞིག་བསྐྲུན་ཡོད་པ་མཐོང་།
ད་ལྟ། ཨར་ཧེ་མཚོ་མོའི་སྤྱི་ལེ129ཡི་སྐྱེ་ཁམས་བར་ཁྱམས་སུ་མཛེས་ཤིང་ལྟ་ན་སྡུག་པའི་བརླན་ས་ཆུང་ངུ་དང་མཛེས་ལྗོངས་གནས་མང་པོ་བསྐྲུན་ཡོད་པས། ཨར་ཧེ་མཚོ་མོར་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་བསྐྲུན་ཡོད། སྐྱེ་ཁམས་སླར་གསོ་བྱས་རྗེས། མཛེས་སྡུག་ལྡན་པའི་ཨར་ཧེ་མཚོ་མོའི་མཛེས་ལྗོངས་ཀྱིས་མཐའ་འཁོར་གྱི་མགྲོན་ཁང་དང་བཟའ་བཏུང་ལ་ཚོང་ལས་ཀྱི་གོ་སྐབས་སྔར་ལས་ཆེན་པོ་བསྩལ་བ་དང་། ཨར་ཧེ་མཚོ་མོར་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ས་དེའི་སྡེ་མིའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད།
ཨར་ཧེ་མཚོ་མོའི་སྐྱེ་ཁམས་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་པ་དེས་ཡུལ་སྐོར་བ་སྔར་ལས་མང་པོ་ཏ་ལི་རུ་ཡུལ་སྐོར་དུ་ཡོང་བཞིན་ཡོད། ད་ལོའི་ལོ་སྟོད་དུ་ཏ་ལི་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་བྱེ་བ་ལྔ་དང་ས་ཡ་གཅིག་ལྷག་སྣེ་ལེན་བྱས་པ་དེ་དུས་མཉམ་ལས10.87%འཕར་ཡོད།
ཤ་བོ་རིན་མཚོས་བསྒྱུར།