ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་བདེ་འཇགས་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གང་ལེགས་བྱས་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། སྲིད་ཁྲིམས་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཇི་ལྟར་ཞུ་དགོས་པའི་ཐད་ནས་གསར་འགོད་པས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱིན་པའེ་ལ་ཆེད་དོན་བཅར་འདྲི་བྱས།
དབྱིན་པའེ་ཡིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་ཀྱིན་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཁྲིམས་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་བརྒྱུད་རིམ་རང་བཞིན་གྱི་སྣང་བརྙན་གསར་པ་མངོན་པ། ཁྱོན་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་ཞེས་དངོས་སུ་བཏོན་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་སྔར་ལས་གང་ལེགས་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད་ཅེས་བསྟན།
དབྱིན་པའེ་ཡིས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཡུན་སྐྱོང་བདེ་འགོད་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན།
ཚང་འཛོམས་གྲོས་ཚོགས་སྟེང་དུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་ཞེས་དངོས་སུ་བཏོན་ཡོད། དབྱིན་པའེ་ཡིས་སྲིད་ཁྲིམས་ལས་ཁུངས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།