2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་སྐབས་དང་པོའི་འགོ་རྩོམ་མཛད་སྒོར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས་ཏེ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་རྒྱུན་ཆད་མེད་པར་མཉམ་འདྲེས་བྱས་པ་དང་བསྟུན་ནས། འཕྲུལ་མིའི་ཚན་རྩལ་གྱིས་མཚོན་པའི་རིག་ནུས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་དར་བཞིན་པ་ནི་ད་ལྟའི་དུས་རབས་ཀྱི་ཚན་རྩལ་གསར་གཏོད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས། ལོ་ངོ་བཅུའི་རིང་ལ། རང་རྒྱལ་གྱི་འཕྲུལ་མིའི་ཐོན་ལས་ཀྱིས“ཆུང་བ་ནས་ཆེ་བའི་བར”དང“ཆེ་བ་ནས་སྟོབས་ཆེ་བའི་བར”གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་གོམ་སྟབས་ཆེན་པོ་སྤོས་ཡོད། དེང་སྐབས་རང་རྒྱལ་འདི་ཉིད་འཛམ་གླིང་ཧྲིལ་པོའི་བཟོ་ལས་འཕྲུལ་མིའི་ཁྲོམ་ར་ཆེ་ཤོས་དང་ཐོན་སྐྱེད་རྒྱལ་ཁབ་ཅིག་ཏུ་གྱུར་ཏེ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་ཀྲུང་གོའི་སྟོབས་ཤུགས་ཅི་ཡོད་ཕུལ་ཡོད།
འཕྲུལ་མི་ལ“བཟོ་སྐྲུན་ལས་རིགས་ཀྱི་གོང་མའི་ཅོད་པན་རྩེ་ཡི་མུ་ཏིག”ཅེས་པའི་བསྔགས་བརྗོད་ཐོབ་ཡོད་ཅིང་། དེ་ནི་རྒྱལ་ཁབ་ཅིག་གི་ཚན་རྩལ་གསར་གཏོད་དང་རྩེར་སོན་བཟོ་སྐྲུན་ལས་རིགས་ཆུ་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕྲུལ་མིའི་གསར་བརྗེ”ཡིས་འཛམ་གླིང་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་གྲུབ་སྟངས་ལ་ཤུགས་རྐྱེན་ཐེབས་ནས། རང་རྒྱལ་འདི་ཉིད་འཛམ་གླིང་ཧྲིལ་པོའི་འཕྲུལ་མིའི་ཁྲོམ་ར་ཆེ་ཤོས་སུ་འགྱུར་ངེས་ཡིན། ང་ཚོས་འཕྲུལ་མིའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་པར་མ་ཟད། ཁྲོམ་ར་གང་མང་བདག་བཟུང་བྱེད་དགོས་ཞེས་གསུངས།
2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་སྐབས་དང་པོའི་འགོ་རྩོམ་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་བསྐུར་ནས། ང་ཚོས་རྒྱལ་ཁབ་སོ་སོའི་ཚན་རྩལ་ལས་རིགས་དང་ཐོན་ལས་ལས་རིགས་བར་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས། འཕྲུལ་མིའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། འཕྲུལ་མིའི་ཚན་རྩལ་དང་དེའི་ཐོན་རྫས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཞབས་འདེགས་ཞུ་འདོད་ཡོད་ཅེས་གསུངས།
ལོ་ངོ་བཅུའི་རིང་ལ། འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་གྱིས་བསྡོམས་རྩིས་བྱས་ན་མི་ཐེངས་ས་ཡ་གཅིག་ལྷག་ཚོགས་འདུའི་སྟེང་ནང་འགུགས་བྱས་ནས། འཛམ་གླིང་ཧྲིལ་པོའི་འཕྲུལ་མིའི་ཁྱབ་ཁོངས་ཀྱི“གསར་གཏོད་སྣེ་ཁྲིད”དང“ཐོན་ལས་སྐུལ་སྤེལ།”“རྒྱལ་སྤྱིའི་མཉམ་ལས”བཅས་ཀྱི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།
མིག་སྔར་རང་རྒྱལ་འདི་ཉིད་འཛམ་གླིང་ཧྲིལ་པོའི་འཕྲུལ་མིའི་ཚན་རྩལ་གསར་གཏོད་དང་ཉེར་སྤྱོད་རྒྱ་སྐྱེད། ལས་རིགས་བཅོས་སྐྱོང་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། འཕྲུལ་མིའི་ཁྱབ་ཁོངས་ཀྱི་གསར་གཏོད་རྣམ་པའི་ཁེ་ལས་རྒྱུན་ཆད་མེད་པར་སྟོབས་ལྡན་དུ་ཕྱིན་ཡོད་ལ། འབྲེལ་ཡོད་ཆེད་ལས་སྤུས་ལེགས་དང་དམིགས་བསལ་གསར་པའི“གྱད་མི་ཆུང་ཆུང་”གི་ཁེ་ལས་བསྡོམས་རྩིས་བྱས་ན400ལས་བརྒལ་ནས། འཛམ་གླིང་ཧྲིལ་པོའི་འཕྲུལ་མིའི་ཐོན་སྐྱེད་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་འཛམ་གླིང་ཧྲིལ་པོའི་བཟོ་ལས་འཕྲུལ་མིའི་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད། “འཕྲུལ་མི”དང་ཉེར་སྤྱོད་ཁྱབ་ཁོངས་མགྱོགས་མྱུར་རྒྱ་ཆེར་ཕྱིན་ནས། བཟོ་ལས་འཕྲུལ་མི་ཡིས་རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་ཆེ་གྲས71ལ་ཁྱབ་ཡོད་པ་དང་། འཕྲུལ་མིའི་ལག་རྩལ་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲག་རྒྱུན་ནང་གཏིང་འདྲེས་བྱུང་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་ཀྱིན་པའི་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་ཀྱིས་གྲུབ་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།