ཟླ8པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ2024ལོའི་འཛམ་གླིང་འཕྲུལ་མིའི་འགྲེམ་སྟོན་འདུ་ཚོགས་ལ་རྟོག་ཞིབ་གནང་།
ཟླ8པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ2024ལོའི་འཛམ་གླིང་འཕྲུལ་མིའི་འགྲེམ་སྟོན་འདུ་ཚོགས་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲུལ་མིའི་ཐོན་ལས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། འཕྲུལ་མིའི་འཕེལ་རྒྱས་ཀྱི་མ་འོངས་འཕེལ་ཕྱོགས་དང་གོ་སྐབས་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། ནུས་ཤུགས་ཡོད་རྒུས་འཕྲུལ་མིའི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་བསྐྲུན་པ། དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས།
“ཐོན་སྐྱེད་ནུས་ཤུགས་གསར་མ་མཉམ་དུ་འཕེལ་རྒྱས་གཏོང་བ་དང་། རིག་ནུས་ཀྱི་མ་འོངས་པ་གསར་པ་མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི2024ལོའི་འཛམ་གླིང་འཕྲུལ་མིའི་ཚོགས་ཆེན་པེ་ཅིང་དུ་བསྡུས། ལིས་ཆང2024ལོའི་འཛམ་གླིང་འཕྲུལ་མིའི་འགྲེམ་སྟོན་ཁང་དུ་ཕེབས་པ་དང་། ABBདང་ཁུའུ་ཁ། ཞིན་སུང་། ཡུའུ་ཧྲུའུ་ཚན་རྩལ། པེ་ཅིང་ཧྲུའུ་རུའེ། ཀྲུང་ཞིན་ལྕི་པའི་བཟོ་ལས། རྒྱལ་ཁབ་ཞིང་ལས་རིག་ནུས་སྒྲིག་ཆས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་ཁེ་ལས་དང་ལས་ཁུངས་ཀྱི་འཕྲུལ་མིའི་འགྲེམ་སྟེགས་ལ་ལྟ་སྐོར་གནང་བ་དང་། འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་དང་བསམ་ཚུལ་བརྗེ་རེས་མཛད་དེ། ཐོན་རྫས་ཀྱི་ནུས་པ་དང་ལག་རྩལ་ཆུ་ཚད། ལྷག་པར་དུ་བེད་སྤྱོད་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་གནང་།
ལིས་ཆང་གིས་བསྟན་དོན། འཕྲུལ་མིས་དེང་རབས་ལག་རྩལ་སྣ་ཚོགས་ཀྱི་ཕྱོགས་བསྡུས་འདུས་གྲུབ་མཚོན་པ་དང་། མིས་བཟོས་རིག་ནུས་དང་རྒྱུ་ཆ་གསར་པ། སྐྱེ་དངོས་འདྲ་བཟོ་སོགས་ཚན་རྩལ་གསར་པ་དང་ཐོན་ལས་གསར་པ་མཉམ་འདྲེས་བྱས་ཡོད་པས། དེ་ནི་ཚན་རྩལ་གསར་གཏོད་དང་རྩེར་སོན་བཟོ་སྐྲུན་ཆུ་ཚད་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་རེད། ང་ཚོས་ཐོན་ལས་ཚུལ་སྒྱུར་དང་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོར་ཕྱོགས་པ་དང་། རྒྱལ་སྤྱིའི་སྔོན་སྐྱོད་ཀྱི་འཕེལ་རྒྱས་ལ་དམིགས་པ། འཕྲུལ་མིའི་ལག་རྩལ་གསར་བཅོས་ལ་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་དང་ལྟེ་བའི་ལག་རྩལ་མཁྲེགས་གཏོར་ལ་མུ་མཐུད་ཤུགས་སྣོན་པ། གསར་གཏོད་བྱེད་ཐབས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། འབྲེལ་ཡོད་རིག་ཚན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་ལ་ཤུགས་སྣོན་པ། རྩེར་སོན་འཕྲུལ་ཆས་ཧྲིལ་པོ་དང་། འགག་རྩའི་ལྷུ་ལག བཟོ་རྩལ་མཉེན་ཆས་བཅས་ཀྱི་གསར་གཏོད་ཐོད་བརྒལ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་འཕྲུལ་མིའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
ལིས་ཆང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གྱི་གསོན་ཤུགས་ནི་བཀོལ་སྤྱོད་ལ་རག་ལས་ཡོད། འཕྲུལ་མིའི་ཐོན་ལས་ཀྱི་མདུན་ལྗོངས་རྒྱ་ཆེ་བ་དང་ཁྲོམ་རའི་སྦས་ཤུགས་ཧ་ཅང་ཆེ་བས། སྔ་ན་མེད་པའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཀྱིས་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་ནང་འདྲེས་བཞིན་ཡོད། རང་རྒྱལ་གྱི་ཁྲོམ་རའི་གཞི་ཁྱོན་ཆེ་བ་དང་ཉེར་སྤྱོད་རྣམ་པ་ཕུན་སུམ་ཚོགས་པ་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། འཕྲུལ་མི་འཕེལ་རྒྱས་གཏོང་རྒྱུ་དེ་གཞི་གྲངས་ཅན་གྱི་ཚུལ་སྒྱུར་དང་། རིག་ནུས་བཟོ་སྐྲུན་ཚོད་ལྟའི་དཔེ་སྟོན་དང་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ནང་འཇུག་བྱེད་དགོས་པ་དང་། ཉེར་སྤྱོད་ར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞིའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། བཟོ་ལས་དང་ཞིང་ལས། ཞབས་ཞུའི་ལས་རིགས། དམིགས་བསལ་ཁོར་ཡུག་སོགས་ཁྱབ་ཁོངས་སོ་སོའི་འཕྲུལ་མི་མགྱོགས་མྱུར་ངང་རྒྱ་སྐྱེད་དང་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། ལམ་ལུགས་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་ཧུར་ཐག་གིས་ལས་སྐྲུན་དངུལ་གཏོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། འཕྲུལ་མིའི་ཁྱབ་ཁོངས་ཀྱི་མདུན་ལམ་ལྡན་པའི་ཁེ་ལས་དང་ཆེད་ཞིབ་ཁྱད་གསར་གྱི་ཁེ་ལས་ཆུང་བ་སྔར་ལས་མང་པོ་གསོ་སྤེལ་བྱས་ནས། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་ཀྱི་ཚོགས་པ་གསར་སྐྲུན་བྱེད་དགོས།
ལིས་ཆང་གིས་བསྟན་དོན། འཕྲུལ་མིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ན་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དགོས། སྒོ་འབྱེད་གསར་གཏོད་ལ་ཧུར་ཐག་གིས་ཤུགས་བསྣན་ནས། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་དང་ཞིབ་འཇུག་གསར་སྤེལ་སྒྲིག་གཞིས་ཀྲུང་གོར་དངུལ་གཏོང་དང་ལས་གཉེར་བྱེད་དུ་ཡོང་བར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོའི་ཁྲོམ་ར་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། འཕྲུལ་མིའི་ཐོན་ལས་བརྗེ་རེས་མཉམ་ལས་སྟེགས་བུ་འཛུགས་པ་དང་བེད་སྤྱོད་ཡག་པོ་བྱས་ནས། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་ལེགས་གཉེར་བྱེད་པར་སྲུང་སྐྱོང་བྱས་ཏེ། འཛམ་གླིང་འཕྲུལ་མིའི་ཚན་རྩལ་གསར་གཏོད་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པོ་གཏོང་དགོས།
ཝུའུ་ཀྲིན་ལུང་བྱེད་སྒོར་ཞུགས།
ཤ་བོ་རིན་མཚོས་བསྒྱུར།