ཟླ8པའི་ཚེས22ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྒྲུབ་སྐུལ་ཚན་ཆུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་སྒྲུབ་འགན་བླངས་པའི《བྱིས་པ་གཅིག་བསྡུས་ཀྱིས་འདུ་གནས་ཀྱི་བདེ་འཇགས་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་པའི་སྐོར་གྱི་གྲོས་གཞི》སྒྲུབ་པའི་གནས་ཚུལ་ལ་གཙོ་གནད་སྒྲུབ་སྐུལ་བྱས།
གྲོས་གཞི་འདོན་མཁན་གྱི་འཐུས་མིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དང་། མཁར་དཀྱིལ་ཁུལ། མཁར་ཤར་ཁུལ། ཏུང་ཁྲོན་བཟོ་ལས་གླིང་ཁུལ་བཅས་ཀྱི་མེ་འགོག་མེ་གསོད་ཉེན་སེལ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ་བྱིས་པར་པར་རྒྱག་ས་དང་། བྱིས་པ་བཅོལ་ས། གྲོང་ཁྱེར་གྱི་ཚོང་ལས་ཕྱོགས་བསྡུས་བྱེད་ས་སོགས་ལས་རྣམ་གསར་པ་དང་མི་གྲངས་མང་ས་དགུ་རུ་སོང་ནས་ཉེན་ཁ་དང་རྐྱེན་ངན་གྲལ་བཤེར་བྱེད་པར་ཞུགས་ནས་མི་མངོན་པའི་རྐྱེན་ངན་བཅུ་གསུམ་ཤེས་རྟོགས་བྱུང་བ་དང་། དངོས་ཡོད་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་གྲོས་གཞི་སྒྲུབ་པའི་བརྒྱུད་རིམ་ལ་ཐད་ཀར་རྒྱུས་ལོན་བྱས།
སྒྲུབ་སྐུལ་ཚན་ཆུང་གིས་ཡུལ་དངོས་ནས་གྲོས་གཞི་སྒྲུབ་པའི་གནས་ཚུལ་ལ་དཔྱད་འཇོག་བྱས་ཏེ་བསྟན་དོན། ཐེངས་འདིར་གཙོ་གནད་སྒྲུབ་སྐུལ་བྱེད་པའི་འཐུས་མིའི་གྲོས་གཞི་ནི། ནང་དོན་གྱི་ཆ་ནས་དམིགས་བསལ་ཚོགས་སྤྱིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། ཁྱབ་ཁོངས་ཀྱི་སྟེང་ནས་དམངས་འཐུས་ཚོགས་ཆེན་གྱི་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ནང་ཡུན་རིང་དོ་ཁུར་བྱེད་པའི་གནད་དོན་དང་འབྲེལ་བ་ཡོད་ལ། བྱ་བའི་སྟེང་ནས་ལས་རྣམ་གསར་པ་སོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གསར་དར་ཁྱབ་ཁོངས་དང་འབྲེལ་བ་ཡོད་པས། དཔེ་མཚོན་རང་བཞིན་དང་འཐུས་ཚབ་རང་བཞིན་དྲག་པོ་ལྡན་ལ། ཕྱོགས་སོ་སོའི་བར་ཐུན་མོང་གི་ངོས་འཛིན་བྱུང་བ་དང་མཉམ་ཤུགས་གཅིག་ཏུ་བསྡུས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་ཐེངས་འདིའི་གཙོ་གནད་སྒྲུབ་སྐུལ་བྱ་བ་ཡོངས་འགྲུབ་བྱས་ཟེར།
སྒྲུབ་སྐུལ་ཚན་ཆུང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་འགོག་མེ་གསོད་ཉེན་སེལ་ལས་ཁུངས་ཀྱིས་སྤྱི་ཚོགས་སྡེ་ཚན་གྱིས་མེ་འགོག་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པ་དང་། དུས་རྒྱུན་གྱི་མེ་འགོག་དོ་དམ་ལ་ཤུགས་སྣོན་པ། མེ་འགོག་བདེ་འཇགས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བར་མུ་མཐུད་དུ་ལྟ་སྐུལ་བྱེད་དགོས། མ་ལག་ཚང་བའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩའི་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ཏེ། མེ་འགོག་ལྟ་སྐུལ་དོ་དམ་དེ་མི་མངོན་པའི་རྐྱེན་ངན་ཞིབ་བཤེར་བྱེད་པ་ནས་འགན་འཁྲིར་ཞིབ་བཤེར་བྱེད་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་སློབ་གསོའི་ཁྱབ་རྒྱ་མུ་མཐུད་དུ་རྒྱ་བསྐྱེད་པ་དང་དྲིལ་སྒྲོག་སློབ་གསོའི་དམིགས་གཏད་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་མེ་འགོག་གསོ་སྦྱོང་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་མེ་འགོག་ལ་དོ་ཁུར་དང་། ཤེས་རྟོགས། རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མི་དམངས་མང་ཚོགས་ཀྱི་རང་སྲུང་རང་སྐྱོབ་ཀྱི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་བ་དང་། མེ་འགོག་བདེ་འཇགས་ལ་མི་ཚང་མར་འགན་འཁྲི་ཡོད་པ་དང་དམངས་ཡོངས་ཀྱིས་འགན་འཁུར་བའི་རྣམ་པ་བཟང་པོ་ཞིག་བསྐྲུན་དགོས་ཟེར།
ཚེ་རིང་སྒྲོལ་མས་བསྒྱུར།