2024ལོའི་ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།
2024.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པའི་བྱ་བའི་གྲོས་ཚོགས་ཟླ8པའི་ཚེས27ཉིན་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་ཐད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་སྤྱི་སྡོམ་བྱས་ལ། དེའི་ཐད་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་མཱ་ཡིའུ་ཞང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ལྗང་མདོག་སྐྱེད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་བསྩལ་བའི་ལས་འགན་གལ་ཆེན་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་དང་པུའུ་ཡིས་མངག་བཅོལ་སེམས་ལ་བརྟན་པོར་བཟུང་བ་དང་མཉམ་སྒྲོག་མཉམ་འགུལ་བྱས་ལ། མཐོ་རིམ་ཇུས་འགོད་ལ་ཤུགས་བསྣན་ཞིང་། སྐུལ་འདེད་བྱེད་ཐབས་ཇེ་ཞིབ་ཏུ་བཏང་བ་དང་། ཞན་ཆ་ཁ་གསབ་དང་ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ་དང་། རྨང་གཞི་ཇེ་བརྟན་དུ་བཏང་བ་དང་དགེ་མཚན་དར་སྤེལ་བྱས་ལ། ཁྱད་ལྡན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཞིང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱོགས་ཐོན་སྐྱེད་ནུས་པ་མཐོར་འདེགས་གཏོང་བར་སྣེ་ཁྲིད་བྱས་པས། ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ཞིང་ཆེན་དང་པུའུ་ཡིས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པའི་ལོ་བཞི་པ་ཡིན་ལ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་བྱེད་པ་དང་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། མཉམ་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཐོན་རྫས་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བ་དང་ཐོན་ལས་སྟོབས་ལྡན་དུ་བསྒྱུར་བ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱིར་གཏོང་རྐྱེན་སྲོལ་གསར་གཏོད་བྱེད་པ་སོགས་ཕྱོགས་ལ་རྒྱུན་མཐུད་ངང་ཤུགས་འདོན་པ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ལྗང་མདོག་སྐྱེ་ལྡན་གྱི་ཁས་ལེན་ལ་ཤུགས་སྣོན་པ། ཁྱད་ལྡན་སོན་ལས་མྱུར་དུ་སྐྱེད་སྲིང་བྱེད་པ། དགེ་མཚན་ཁེ་ལས་ནང་འདྲེན་བྱས་ཏེ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་དགོས།

གྲོས་ཚོགས་གྲོལ་རྗེས། ཚོགས་ཞུགས་མི་སྣས་ཡུལ་དངོས་ནས་ལྟ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས།

རིན་ཆེན་མཚོས་བསྒྱུར།