ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་ལྔ་པ་ཉིན་ཞ་རུ་བསྡུས།
2024.08.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ཐད་ཞབས་འདེགས་ཞུ་བའི་མཉམ་འབྲེལ་གྲོས་ཚོགས་ཐེངས་ལྔ་པ་ཟླ8པའི་ཚེས27ཉིན་ནས་ཚེས28ཉིན་བར་ཉིང་ཞ་ཧོས་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་ནས། ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་འགོག་ར་མཉམ་འཛུགས་བྱེད་པ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བྱས་པ་དང་། གྲོས་མོལ་གཏིང་ཟབ་བྱས་པ་དང་ཐུན་མོང་གི་ལྟ་བ་གཅིག་བསྡུས་བྱས། རྒྱལ་ཡོངས་སྲིད་གྲོས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་བརྗེ་རེས་གཏམ་བཤད་བྱས།

མགོན་པོ་བཀྲ་ཤིས་ཀྱིས་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་བྱེད་པ་དང་བྱེ་འགྱུར་ཅན་ལ་ཕྱོགས་བསྡུས་འགོག་བཅོས་བྱེད་པར་དམིགས་ནས་གཏམ་བཤད། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་བརྟན་པོར་བཟུང་བ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་གནས་ཚུལ་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ངེས་གནས་ལ་རྐང་བཙུགས་ཤིང་། ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་བྱེ་འགྱུར་ཅན་ལ་བཅོས་སྐྱོང་བྱེད་པ་དང་བཅས་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་སྤེལ་བར་གཅིག་འདོམས་བྱས་པ་དང་། ཀྲུང་ཧྭའི་ཆུ་མཛོད་བརྟན་ཞིང་ཕུན་སུམ་ཚོགས་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་ཤུགས་ཡོད་ཁག་ཐེག་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་མཚོ་སྔོན་གྱི་བྱས་རྗེས་བཞག

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་བྱེ་འགྱུར་ཅན་ལ་ཕྱོགས་བསྡུས་འགོག་བཅོས་བྱེད་རྒྱུ་ནི་སྐྱེ་ཁམས་དོ་མཉམ་དང་མིའི་རིགས་ཀྱི་འཚོ་སྡོད་འཕེལ་རྒྱས་དང་འབྲེལ་བའི་དཔྱད་གཞི་གལ་ཆེན་ཡིན། དུས་རབས་གསར་བར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་ཕན་ཡོད་གོ་སྐབས་བེད་སྤྱད་དེ། མཉམ་དུ་བཀག་སྡོམ་གནད་དོན་ཐག་གཅོད་རྒྱུ་ནི། ང་ཚོ་ཐུན་མོང་གི་འགན་འཁྲི་དང་ཁ་ཚ་དགོས་གཏུག་གི་ལས་འགན་ཡིན་པས། དུས་ཐོག་ཏུ་ཆུའི་ཐོན་ཁུངས་སྡེབ་སྒྲིག་ལེགས་སྒྱུར་བྱས་ནས། རྨ་ཆུའི་ཆུའི་ཐོན་ཁུངས་བེད་སྤྱོད་ལས་ཆོད་མཐོར་འདེགས་གཏོང་རྒྱུ་དང་།  རྒྱལ་ཁབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་ཆུའི་ཐོན་ཁུངས་ཕྱོགས་བསྡུས་བཅོས་སྐྱོང་སྔར་ལས་རྒྱ་ཆེར་སྤེལ་རྒྱུ། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་བྱ་བའི་འགོ་ཁྲིད་ཚན་ཆུང་འཛུགས་པ་དང་། མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་བཙུགས་ནས། མཉམ་ལས་བྱ་བ་ཆེན་པོའི་ཐད་ནས་གྲོས་སྡུར་གཏིང་ཟབ་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་ཐུན་མོང་གི་ལྟ་བ་འབྱུང་བར་བྱེད་པ། ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་བཙུགས་ཏེ། ཁུལ་ཁོངས་བར་གྱི་སྐྱེ་ཁམས་བཅོས་སྐྱོང་ཉམས་མྱོང་བརྗེ་རེས་དང་ལས་སྒོ་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། ཚན་རིག་ཞིབ་འཇུག་ཐོན་ཁུངས་ཀྱི་མཉམ་སྤྱོད་དང་མཉམ་ལས་ལ་ཤུགས་སྣོན་རྒྱུ། བཞུར་རྒྱུད་ཡོངས་ཀྱི་ས་ཁུལ་བརྒལ་བའི་ཁ་གསབ་རྐྱེན་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱེད་པ་དང་། བཟོ་སྐྲུན་ཚན་རྩལ་གྱི་རོགས་སྐྱོར་དང་དངུལ་གཏོང་བྱེད་ཤུགས་ཆེར་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་བཏོན། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མུ་མཐུད་དུ་དོ་སྣང་བྱེད་པ་དང་དུས་ཡུན་རིང་བོར་བྱས་རྗེས་འཇོག་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་དང་མཉམ་དུ་རྗེས་མཐུད་ཀྱི་འབྲེལ་ཡོད་བྱ་བ་བཟང་བོར་བསྒྲུབ་པ། སྐུལ་སློང་དང་སྐུལ་འདེད་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་གི་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་མཉམ་སྐྲུན་བྱེད་པའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

ཚོགས་ཐོག་ཏུ་ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔས་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་འགོག་ར་མཉམ་སྐྲུན་བྱས་ནས་དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་དང་གྲོས་གཞི་ལ་གྲོས་སྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་། ནུབ་བྱང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་སྲིད་གྲོས་ཀྱི་ཀྲུའུ་ཞིའི་མིང་བྱང་མཉམ་འགོད་གྲོས་གཞི་དང་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས་གྲུབ་པར་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རུང་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།