ལིས་ཞི་ཡིས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པ་དང་གཞུང་ཞབས་པའི་པུའུ་ཡི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧུང་མཱ་ཉི་ལ་མཇལ་འཕྲད་གནང་།
2024.08.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 165

ཟླ8པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པ་དང་གཞུང་ཞབས་པའི་པུའུ་ཡི་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཧུང་མཱ་ཉི་ལ་མཇལ་འཕྲད་གནང་།

ལིས་ཞི་ཡིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ནི་ཕན་ཚུན་རོགས་རམ་བྱེད་པའི་ཁྱིམ་མཚེས་བཟང་བོ་དང་ཟླ་གྲོགས་བཟང་བོ་ཡིན་པས། ཕྱོགས་གཉིས་ཀའི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དང་། འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་པ། ཏང་སྐྱོང་ཉམས་མྱོང་བརྗེ་རེས་ནན་མོ་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། མཉམ་དུ་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་ལ། ཚད་གཞི་མཐོ་བ་བཅས་ཀྱི་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་གསུངས། ལིས་ཞི་ཡིས་ད་དུང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དེ་བཞིན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་།

ཧུང་མཱ་ཉི་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་འགོ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པར་ཚད་མཐོའི་གདེང་འཇོག་བྱས་ཏེ། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོར་མཛའ་མཐུན་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་བར་སྲོལ་རྒྱུན་མཛའ་མཐུན་རྒྱུན་མཐུད་བྱེད་རྒྱུ་དང་། ཏང་བར་གྱི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱེད་པ། གཞུང་ཞབས་པའི་ལས་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ན་གཞོན་ཕན་ཚུན་བར་རྒྱུས་ལོན་ཡོང་བར་འབད་པ་བཅས་བྱས་ཏེ། ཁམ་ཕུ་ཁྲེ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།