ཟླ8པའི་ཚེས29ཉིན། སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱུན་ལས་རྒྱས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་མི་དོན་བྱ་བར་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་བསྟན་དོན། ད་ལོར། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་རེ་བ་ལག་བསྟར་བྱེད་རྒྱུ་གཙོ་གནད་དུ་བྱས་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་ཟབ་ཏུ་གཏོང་བ་གཙོར་འཛིན་པ། བརྟག་བཤེར་ཞིབ་འཇུག་རྒྱ་ཆེར་སྤེལ་བ་བྱེད་ཐབས་སུ་བརྩི་བ། ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ་གནད་འགག་ཏུ་བརྩི་བ། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་མཐོན་པོ་འདེགས་སྐྱོར་དུ་བྱེད་པ། གཞི་རིམ་གྱི་རྩ་འཛུགས་སྐྱེད་སྲིང་བྱེད་པ་འགན་སྲུང་དུ་བརྩི་བ། སྤྱོད་ཚུལ་འཛུགས་སྐྲུན་གཏིང་ཟབ་བྱེད་པ་རྨང་གཞི་རུ་བྱེད་པ་བཅས་བྱས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བདེ་ཐང་གཉིས་དང་འབྲེལ་བའི་བཅོས་སྒྱུར་གྱི་ཁྱབ་ཁོངས་གཙིགས་སུ་འཛིན་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅོས་སྒྱུར་ཁྲོད་ཞུགས་པ་དང་བཅོས་སྒྱུར་ཐད་ཞབས་འདེགས་ཞུ་བའི་རྐང་འཛུགས་ས་འཚོལ་བ། གསར་གཏོད་ཀྱིས་སྤུས་འདེགས་ནུས་སྤེལ་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་ཞབས་ཞུའི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་དགོས། ཚན་རིག་དང་མཐུན་པ་དང་ཕན་པ་ལྡན་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྩ་འཛུགས་སྒྲིག་གཞི་འཚོལ་ཞིབ་བྱེད་པ་དང་། བཅོས་སྒྱུར་གྱིས་རྨང་གཞི་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་རྩ་འཛུགས་མ་ལག་གི་ཕན་ནུས་ཇེ་མཐོར་གཏོང་དགོས། ཏང་འཛུགས་ཀྱི་འགན་འཁྲི་དང་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་དང་པོ་གཉིས་མཉམ་བསྲེས་བྱེད་པ་དང་། སྤྱོད་ཚུལ་གྱིས་སྤྱོད་བསྲང་སྒྲིག་གཅུན་བྱེད་པར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་གྲུབ་པར་བྱེད་དགོས། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ནང་དོན་ལ་རྒྱུས་ལོན་ཡང་དག་བྱེད་པར་སྣེ་ཁྲིད་བྱེད་པ་དང་། བཅོས་སྒྱུར་ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་བཅོས་སྒྱུར་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། བཅོས་སྒྱུར་ཁྲོད་ཟབ་ཞུགས་བྱས་ཏེ། བདེ་ཐང་གཉིས་ཀྱི་བྱ་བའི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཕན་ནུས་སྔར་ལས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས།
རིན་ཆེན་མཚོས་བསྒྱུར།