ཟླ8པའི་ཚེས30ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། འགན་བཅོལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་འགའ་ཞིག་ལ་ཞིབ་འཇུག་བྱས་པ་དང་། ཟས་རིགས་ཆེན་པོའི་ལྟ་བ་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བྱས་ལ། 《རྒྱ་མཚོ་དང་གཙང་པོའི་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས་པའི་ལག་བསྟར་ཇུས་གཞི》དང་། 《དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོག་ཚོང་དོན་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་ཡང་བྱས།
གྲོས་ཚོགས་ལས་བསྟན་དོན། འགན་བཅོལ་ལས་རིགས་ལ་ཆ་མཚོན་ནས་བཤད་ན། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་དང་། གནོད་འཚེ་སྔོན་འགོག་དང་གྱོང་གུད་སྔར་ལས་ཆུང་དུ་གཏོང་བ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ལྡན། འགན་བཅོལ་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་ལུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཞབས་ཞུ་སྔོན་ལ་སྒྲུབ་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཚོང་ལས་འགན་བཅོལ་སོགས་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། འགན་བཅོལ་ལས་རིགས་ཀྱི་འགན་སྲུང་ནུས་པ་དང་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་དགོས། འགག་རྩའི་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་དོ་སྣང་དམ་པོ་བྱས་ནས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ནུས་ལྡན་བྱས་ནས། ཉེན་ཁ་སྔོན་འགོག་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། འགན་བཅོལ་མ་དངུལ་སོགས་རྒྱུན་རིང་མ་རྩ་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་རྒྱུ་དང་། ལམ་ལུགས་ཀྱི་འགོག་རྐྱེན་སེལ་གང་ཐུབ་བྱེད་པ། དཔྱད་ཞིབ་དཔྱད་འཇོག་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མ་རྩའི་ཚོང་ར་དང་ཚན་རྩལ་གསར་གཏོད་ལ་ཡུན་རིང་གི་དངུལ་གཏོང་བརྟན་པོ་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་རྒྱུ་ནི། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྨོ་ཞིང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་སྔར་ལས་བརྟན་པོར་སྲུང་བ། ཟས་རིགས་ཐད་ཀར་དང་གཞན་བརྒྱུད་ཀྱི་ཡོང་ཁུངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཟས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཆུ་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས། ཡུལ་བབ་དང་བསྟུན་ནས་གསར་སྤེལ་བྱས་ཏེ། འབྲུ་རིགས་དང་འཚམ་ན་འབྲུ་རིགས་དོན་གཉེར་བྱེད་རྒྱུ་དང་། དཔལ་འབྱོར་དང་འཚམ་ན་དཔལ་འབྱོར་དོན་གཉེར་བྱེད་པ། ཕྱུགས་ལས་དང་འཚམ་ན་ཕྱུགས་ལས་དོན་གཉེར་བྱེད་པ། ཉ་ལས་དང་འཚམ་ན་ཉ་ལས་དོན་གཉེར་བྱེད་པ། ནགས་ལས་དང་འཚམ་ན་ནགས་ལས་དོན་གཉེར་བཅས་ཡོང་བར་རྩེ་གཅིག་ཏུ་འབད་དེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་འབད་དགོས། དེང་རབས་ཞིང་ལས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་བསྣན་ཏེ། སྣ་ཁ་དང་ལག་རྩལ། སྒྲིག་བཀོད་སྒྲིག་ཆས་སོགས་ཀྱི་གནད་འགག་ཚོད་འཛིན་ལས་བརྒལ་གང་ཐུབ་བྱེད་རྒྱུ་དང་། ཐོན་ལས་ཕྲེང་འབྲེལ་ཇེ་རིང་དུ་གཏོང་བ། ཟས་རིགས་གསར་སྤེལ་གྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། རྒྱ་མཚོ་དང་གཙང་པོའི་འབབ་རྒྱུད་ཀྱི་ས་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན་ལ། དེ་བསྟུན་གྱི་མི་འབོར་མང་པོ་འདུས་པའི་དབང་གིས། འབྲུབ་འགོག་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། བརྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། འབབ་རྒྱུད་ཀྱི་ཆུ་བོའི་ཁྱད་ཆོས་དང་ཆུ་ལོག་གི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ། སྲུང་སྐྱོབ་བྱ་ཡུལ་གལ་ཆེན་གྱི་ཆུ་ལོག་འགོག་པའི་བཀོད་པ་སྔར་ལས་ཇེ་ལེགས་སུ་གཏོང་བ། ཆུ་ལོག་འགོག་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཟུང་འབྲེལ་གང་ལེགས་བྱས་ཏེ། ཆུ་ལོག་འགོག་པའི་ནུས་པ་ཧྲིལ་པོ་མངོན་སུམ་ཆེ་རུ་གཏོང་དགོས། གཙོ་གནད་བཟོ་སྐྲུན་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། སྔོན་རྩིས་ནང་ཚུད་ཀྱི་དངུལ་གཏོང་དང་རྒྱལ་བུན་མ་དངུལ་སོགས་གཅིག་གྱུར་སྒོས་བེད་སྤྱོད་ཡག་པོ་བྱས་ཏེ། འགག་སྒོ་དམ་འཛིན་ནན་མོ་བྱས་ནས་བཟོ་སྐྲུན་གྱི་སྤུས་ཚད་ལ་འགན་ལེན་ནན་མོ་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། དྲ་རྒྱའི་གཞི་གྲངས་ཀྱི་རིགས་དབྱེར་རིམ་དབྱེར་སྲུང་སྐྱོབ་བྱས་ཏེ། རང་བདག་འགན་འཁྲི་སོ་སོ་ཁ་གསལ་བཟོས་ནས། དྲ་རྒྱའི་གཞི་གྲངས་བདེ་འཇགས་འགན་ལེན་བྱེད་ཐབས་དོན་འཁྱོལ་བྱེད་དགོས། བདེ་འཇགས་ཀྱི་མཐའ་མཚམས་གསལ་པོ་བཟོས་ནས། གཞི་གྲངས་ཁྲིམས་ལྟར་གོ་རིམ་ལྡན་པ་དང་རང་མོས་ངང་འཁོར་རྒྱུག་ཡོང་བར་འགན་ལེན་བྱས་ཏེ། གཞི་གྲངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་ཆེད་ཁོར་ཡུག་བཟང་པོ་བསྐྲུན་དགོས།
གྲོས་ཚོགས་ལས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་ཐོག་ཚོང་དོན་བཅའ་ཁྲིམས(བཟོ་བཅོས་འཆར་ཟིན)》ལ་གྲོས་བསྡུར་བྱས་པར་མ་ཟད། རྩ་དོན་གྱི་སྟེང་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་རེད། ཚོགས་ཐོག་ནས་ད་ཐེངས་ཀྱི་བཅའ་ཁྲིམས་བཟོ་བཅོས་དེ་གོ་སྐབས་སུ་བཟུང་ནས། རང་རྒྱལ་གྱི་མཚོ་ཐོག་སྐྱེལ་འདྲེན་དང་ཚོང་དོན་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་ལས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།