ཀྲའོ་ལི་ཅི་ཡིས་ཀྲེ་ཅང་དང་ཧྲང་ཧའེ་རུ་རྟོག་ཞིང་གནང་།
2024.08.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ8པའི་ཚེས28ནས་ཚེས30ཉིན་བར་དུ། ཀྲེ་ཅང་དང་ཧྲང་ཧའེ་རུ་རྟོག་ཞིབ་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་རྩ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱས་ཏེ། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་ལེན་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ནས། དུས་རབས་གསར་པའི་དམངས་ཆེན་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ཀྲའོ་ལི་ཅི་ཡིས་ད་ལོ་ནི་རྒྱལ་ཡོངས་དམངས་ཆེན་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་ལ། ཀྲུང་གོ་གསར་པའི་རྩ་ཁྲིམས་དང་པོ་ཁྱབ་བསྒྲགས་བྱས་ནས་ལོ70འཁོར་བའི་ལོའང་ཡིན། “ལྔ་བཞིའི་རྩ་ཁྲིམས”གཏན་འབེབས་བྱས་པ་དེས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྩ་ཁྲིམས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་ཀྱི་གཞུང་ལུགས་དང་ལག་ལེན་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་ཡོད་ལ། རང་རྒྱལ་གྱི་རྩ་ཁྲིམས་ལམ་ལུགས་འཛུགས་སྐྲུན་དང་རྩ་ཁྲིམས་ལག་བསྟར་བྱེད་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད། སྐྱོད་ལམ་གསར་པའི་སྟེང་དུ། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་རྩ་ཁྲིམས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། རྩ་ཁྲིམས་ཀྱི་འགན་འཁྲི་བསྒྲུབ་པ། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་པའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་དང་ཐོ་འགོད་ཞིབ་བཤེར་གྱི་ནུས་པ་དང་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ། རྩ་ཁྲིམས་ཀྱི་དྲིལ་སྒྲོག་སློབ་གསོ་དང་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ལ་ཤུགས་བསྣན་ཏེ། རྩ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་དམངས་ཆེན་གྱི་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་གསུངས།

ཀྲའོ་ལི་ཅི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་པ་དེས། དུས་རབས་གསར་པར་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། དམངས་ཆེན་གྱི་འགན་འཁྲི་སྒྲུབ་པའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དྲིལ་སྒྲོག་དང་འགྲེལ་བཤད་ཡག་པོ་བྱས་ཏེ། རང་རྒྱལ་གྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་དང་ཉམས་མྱོང་གསར་པ་མངོན་པར་རྩེ་གཅིག་ཏུ་འབད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅི་ཉིང་ཧྲང་ཧའེ་ཡི་རྟོག་ཞིབ་ལས་རིམ་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།