ཟླ8པའི་ཚེས31ཉིན། ཤེས་རིག་མཉམ་འདྲེས་དང་གཞི་གྲངས་ལ་བརྟེན་ནས་ཕུགས་འདུན་བསྐྲུན་ཞེས་པའི། “ཨ་ཧྥེ་རི་ཁ་གླིང་གི་ཟླ་གྲོགས”ཀྱི་སྨྱན་བྱད་བྱེད་སྒོ་པེ་ཅིང་དུ་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལའེ་བྱེད་སྒོར་ཞུགས་ནས་གཏམ་བཤད། ཝུ་ཀན་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་སའེ་ཝུའེ་ཉི་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐུའུ་ཝ་ཏི་ལཱ། སེ་ཧྲེའར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུའུ་ཁ་ལཱ་ཝང་བཅས་ཀྱིས་ཀྱང་བརྙན་ལམ་ནས་འཕྲིན་ཡིག་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་བྱད་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་གཏོང་འདོད་ཡོད་ཅེས་བཤད།
ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པའི་དུས་སྐབས་གསར་པར་སླེབས་ཡོད། 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་པེ་ཅིང་དུ་འཚོག་ལ་ཉེ་བས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་བསྐྲུན་རྒྱུ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་འབྲི་ཐུབ་ངེས་ཡིན་ཞེས་བསྟན།
ཚོགས་ཞུགས་སྐུ་མགྲོན་གྱིས་སྨྱན་བྱད་ནི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་། དམངས་སེམས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྨྱན་བྱད་ཀྱིས་མཉམ་ལས་གཉིས་ཕན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་འཆད་དགོས། རྒྱལ་ཁབ་སོ་སོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བའི་གཏམ་རྒྱུད་ཡག་པོ་འཆད་དགོས། མདུན་གྲལ་ལག་རྩལ་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དམངས་སེམས་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། མཉམ་དུ་དྲང་གཞག་ལུགས་མཐུན་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ། དགེ་མཚན་ལྡན་པ། བདེ་ཐང་བཅས་ཀྱི་འཛམ་གླིང་ཧྲིལ་པོའི་གླེང་ཕྱོགས་ཀྱི་སྐྱེ་ཁམས་བསྐྲུན་དགོས་ཞེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།