ཟླ9པའི་ཚེས1ཉིན་གྱི་དགོང་མོར། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་གནོད་སེལ་བྱ་བའི་བརྙན་ལམ་བཀོད་གཏོང་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་ལོག་སྔོན་འགོག་དང་གནོད་སེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལྟར་ཆུ་ལོག་སྔོན་འགོག་གི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཆུ་ལོག་སྔོན་འགོག་དང་གནོད་སེལ། ཉེན་ཁ་མྱུར་སེལ། གནོད་འཚེ་ཆེན་པོ་སེལ་བ་བཅས་ཀྱི་རང་འགུལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོར་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་བརླིང་ལ་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར་རེས་སྐོར་གསར་པའི་དྲག་ཆར་འབབ་པའི་དུས་སུ་སླེབས་ཡོད་པས། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་འགོག་པའི་གནས་བབ་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ། ས་གནས་སོ་སོ་དང་སྡེ་ཚན་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་འཛུགས་པ་དང་། དོགས་ཟོན་མཐོན་པོ་རྒྱུན་འཁྱོངས་བྱེད་པ། བག་མེད་ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། ཐོན་སྲིད་པའི་ཐལ་དྲགས་གནས་ཚུལ་ལ་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་འགོག་ཟོན་ལས་དོན་ཡག་པོར་སྒྲུབ་པ་དང་། དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱེད་པའི་འགན་འཁྲིའི་བསམ་པ་དེ་བྱ་བ་ཡོད་ཚད་ཁོང་དུ་ཆུད་པར་བྱེད་པའི་བྱ་སྤྱོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས། བྱ་བའི་གཏན་འཁེལ་རང་བཞིན་གྱིས་ཆུ་ལོག་རྒྱས་པའི་ངེས་མེད་རང་བཞིན་ལ་ཁ་གཏད་འཇལ་ནས་བདེ་འཇགས་ངང་ཆུ་ལོག་རྒྱས་པའི་དུས་ཚིགས་ལས་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དེ་ཕན་འབྲས་སྔར་ལས་ཆེ་བ་དང་སྔར་ལས་གནད་ལ་འཁེལ་བ་ཞིག་བྱས་ཏེ། ཆར་འབབ་ཚུལ་དང་ཆུ་ལོག་རྒྱས་ཚུལ། ཆུ་སྐྱོན་འབྱུང་ཚུལ། གནོད་འཚེའི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ནན་མོ་བྱེད་པ་དང་། གྲོས་མོལ་དང་ཞིབ་འཇུག་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་ཚུད་ཀྱི་ཉེན་བརྡ་དང་སྔོན་བརྡ་ཐེངས་མང་གཏོང་བ། ཐད་ཀར་གཞི་རིམ་དུ་འབྱོར་བར་འགན་འཁུར་བའི་གནས་སྐབས་གནོད་འཚེའི་སྔོན་བརྡ་གཏོང་བ་དང་རྗེས་སྙེག་ཚུར་ལན་སློག་པའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་པ། མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་ངང་དོགས་ཟོན་དང་གནོད་གཡོལ་ཉེན་གཡོལ་བྱེད་པར་ཁྲིད་སྟོན་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་ཡང་བསྐྱར་གྲལ་བཤེར་དང་མེད་པར་བཟོ་བ། ཆུ་མཛོད་ཀྱི་ཆུ་རགས་དང་། ཟམ་པའི་ཕུག་ལམ། ཨར་ལས་ཡུལ་དངོས། ཁེ་ལས་ཀྱི་གཏེར་རི། ལྗོངས་ཁུལ་གྱི་དམངས་ཤག ཕྱི་རོལ་སྒར་ས། གྲོང་གསེབ་ཀྱི་སློབ་གྲྭ། ཚོང་འདུས་ཁྲོམ་ར། ས་འོག་སྦུག་དྲ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་འབྱུང་སླ་ས། ས་གཤིས་ཀྱི་གནོད་འཚེ་དང་ཆུ་ལོག་གི་གནོད་འཚེ་འབྱུང་སླ་བའི་ས་ཁུལ་སོགས་གཙོ་གནད་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཉེན་ཁར་སྐོར་ཞིབ་དང་ཉེན་ཁ་སེལ་ཐབས་བྱེད་པ་དང་། ཉེན་ཁའི་གནས་ཚུལ་ལ་སྔ་མོ་ནས་སྔོན་དཔག་དང་། སྔ་མོ་ནས་རྒྱུས་ལོན། སྔ་མོ་ནས་ཐག་གཅོད་བྱེད་ཐུབ་པར་བྱེད་དགོས། གནས་སྤོ་ཉེན་གཡོལ་བྱེད་སྐབས་ཡང་བསྐྱར་དུས་ཐོག་ཏུ་ཆར་ཆུའི་གནས་ཚུལ་དང་ཨར་ལས་གནས་ཚུལ། ཉེན་ཁའི་གནས་ཚུལ། གནོད་འཚེའི་གནས་ཚུལ་བཅས་ལ་དོ་སྣང་གང་ལེགས་བྱེད་པ་དང་། “གཅིག་འདོམས་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་བྱེད་པ། “སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་པ། གནས་སྤོ་བ། སྐོར་གཡེང”བཅས་ཀྱི་བྱེད་ཐབས་འཕྲལ་ཐག་ཆོད་པོས་ལག་བསྟར་བྱེད་པ། ཉེན་ཁའི་ས་ཁུལ་གྱི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བཅས་བྱས་ཏེ། གནས་སྤོ་དགོས་པ་ཚང་མ་ཅི་ནུས་ཀྱིས་གནས་སྤོར་བྱེད་པ་དང་། གནས་སྤོ་དགོས་པ་ཚང་མ་ངེས་པར་དུ་གནས་སྤོར་བྱེད་པ། གནས་སྤོ་དགོས་པ་ཚང་མ་སྔ་མོ་ནས་གནས་སྤོར་བྱེད་ཐུབ་པ་བཅས་བྱེད་དགོས། འཕྲལ་བསྟུན་འགན་ལེན་གྱིས་ཡང་བསྐྱར་སྲ་བརྟན་དུ་བཏང་སྟེ། མེ་ཟོན་རོགས་སྐྱོབ་དཔུང་སྡེ་དང་ཆེད་ལས་རོགས་སྐྱོབ་དཔུང་སྡེ། སྨན་བཅོས་འགན་ལེན་སོགས་ཀྱི་སྟོབས་ཤུགས་སྣ་ཚོགས་སྔ་མོ་ནས་བཀོད་སྒྲིག་ཡག་པོ་བྱས་ནས། འཕྲལ་བསྟུན་དངོས་ཟོག་མགྱོགས་མྱུར་ངང་དབོར་འདྲེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་ཚོད24རིང་ལས་རེས་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཉེན་ཁའི་གནས་ཚུལ་ཐོན་ཚེ་དུས་ཐོག་ཏུ་ཉེན་སེལ་རོགས་སྐྱོབ་ཐུབ་པའི་འགན་ལེན་བྱེད་དགོས། ཆུ་ལོག་འགོག་པའི་འགན་འཁྲི་ཡང་བསྐྱར་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ཆུ་ལོག་སྔོན་འགོག་དང་གནོད་སེལ་གྱི་འགན་འཁྲི་གཙོ་བོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ལས་ཡུལ་དང་པོར་སྐྱོད་པ་དང་མདུན་གྲལ་དུ་བཀོད་འདོམས་བྱེད་པ། འགན་འཁྲི་ཡོད་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། སྒྲིག་ཁྲིམས་བརྟན་པོ་དང་སྤྱོད་ཚུལ་ནན་མོར་བརྟེན་ནས་ཆུ་ལོག་འགོག་པའི་བྱ་བར་འགན་ལེན་བརྟན་པོ་བྱེད་དགོས།
ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་གནམ་གཤིས་སྔོན་དཔག་དང་གནོད་འགོག་གནོད་སེལ་སོགས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། རྨ་ལྷོ་ཁུལ་བཅས་ཀྱིས་གཏམ་བཤད་སྤེལ།
ཝང་ལིན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱར།