ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལིས་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁོ་མོ་རོའི་ཙུང་ཐུང་ཨ་ཀྲ་ལིས་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས། ཀྲུང་གོ་དང་ཁོ་མོ་རོའི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་བྱུང་བ་ཁྱབ་བསྒྲགས་བྱས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ནི་ཁོ་མོ་རོ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་ལ། རྒྱལ་ཁབ་ཆེ་ཆུང་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་སྟོན་དུ་གྱུར། ཀྲུང་གོ་དང་ཁོ་མོ་རོ་གཉིས་བར་ཐག་རིང་ན་ཡང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྒུག་བྱེད་པའི་སེམས་འདུན་གཅིག་འདྲ་ཡིན། ངས་གོ་བ་ཡིན་ན། ཀྲུང་གོའི་བརྙན་འཕྲིན་ཟློས་གར་རི་ཆུའི་བརྩེ་བ་ཞེས་པ་དེ་ཉེ་དུས་ཁོ་མོ་རོ་རུ་གཏོང་འགོ་བརྩམས་སོང་ཟེར། ཀྲུང་གོས་ཁོ་མོ་རོ་དང་མཉམ་དུ་དབུལ་ཐར་མཉམ་ལས་སྤེལ་བ་དང་། ཁོ་མོ་རོའི་མི་དམངས་ཀྱིས་རང་སྟེང་གི་ཁུལ་གནས་དགེ་མཚན་དང་རྒྱ་མཚོའི་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཁོ་མོ་རོའི་ལས་སྐལ་གཅིག་མཐུན་ཚོགས་པའི་རི་ཆུའི་བརྩེ་བ་རྒྱུན་སྲིང་སྒོས་འཛུགས་སྐྲུན་བྱེད་འདོད་ཡོད། ཀྲུང་གོས་ཁོ་མོ་རོའི་བར་མུ་མཐུད་དུ་མཉམ་ལས་བྱས་ནས་འདར་ནད་གཙང་སེལ་བྱེད་པའི་ལས་གཞི་མྱུར་དུ་ལག་བསྟར་བྱེད་པ་དང་། ཁོ་མོ་རོས་སྔ་མོ་ནས2025ལོར་འདར་ནད་གཙང་སེལ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་འདོད་ཡོད། ཐེངས་འདིའི་རྩེ་ཚོགས་གོ་སྐབས་སུ་བརྩིས་ནས། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་རྨང་གཞི་སྒྲིག་ཆས། རྒྱ་མཚོའི་ཉ་ལས། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ནུས་གསར་པ་སྣོན་དགོས།
ཞི་ཅིན་ཕིང་གིས་ཁོ་མོ་རོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་བྱས། ཁོང་གིས་ཀྲུང་གོས་ཁོ་མོ་རོའི་བར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས་བྱེད་པ་དང་། ཨ་ཧྥེ་རི་ཁ་མནའ་འབྲེལ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། དབྱི་སི་ལན་མཉམ་ལས་རྩ་འཛུགས་བཅས་ཀྱི་སྒྲོམ་གཞིའི་ནང་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གསར་དར་སྟོབས་ཤུགས་ཆེར་བསྐྱེད་དེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད།
ཨ་ཀྲ་ལིས་ཀྱིས་བཤད་རྒྱུར། ཀྲུང་གོས་ང་ཚོར་སྤུན་ཟླ་ལྟ་བུའི་མཛའ་བརྩེའི་སྣེ་ལེན་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ། འཛམ་གླིང་ཡོངས་ཀྱི་གྲོས་གཞི་ཆེན་པོ་གསུམ་དེ། འཛམ་གླིང་ཞི་བདེ་གོང་འཕེལ་དང་མཉམ་དུ་ཕྱུག་པོར་བསྒྱུར་བར་མཚོན་ན་ཧ་ཅང་གལ་ཆེ་ལ། ཁོ་མོ་རོ་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོད་བྱེད་རྒྱུ་ཡིན། ཁོ་མོ་རོས་ཀྲུང་གོའི་མཛའ་མཐུན་འབྲེལ་བ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཁོ་མོ་རོ་དང་ཀྲུང་གོའི་འབྲེལ་བ་དེ་ཧྥེ་ཀྲུང་མཉམ་ལས་ཀྱི་དཔེ་སྟོན་དུ་གསར་སྐྲུན་བྱེད་འདོད་ཡོད། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་སྐུལ་འདེད་གཏོང་བར་ཡིད་ཆེས་ཡོད། ཁོ་མོ་རོས་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱུབ་སྐྱོར་བྱེད་ཀྱིན་ཡོད་ལ། ཐའེ་ཝན་ཀྲུང་གོའི་པང་དུ་ལོག་པར་ཡིད་ཆེན་བརྟན་པོ་ཡོད། ཀྲུང་གོས་ཁོ་མོ་རོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་བྱ་བ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཕྱོགས་མང་སྒྲོམ་གཞིའི་ནང་ཀྲུང་གོའི་བར་བརྗེ་རེས་མཉམ་ལས་དམ་ཟབ་སྤེལ་བ་དང་། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་བྱེད་པར་ཤུགས་བསྣན་ནས། གྲོས་མོལ་བརྒྱུད་དེ་ས་ཁུལ་གྱི་འགལ་རྩོད་ཐག་གཅོད་འདོད་ཡོད་ཟེར།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཁོ་མོ་རོས་དཔལ་འབྱོར་ཉོ་ཚོང་དང་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།