རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས2ཉིན་པེ་ཅིང་དུ་མཱ་ལིའི་ཙུང་ཐུང་ཀི་དབྱི་ཐཱ་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དངཙུང་ཐུང་ཀི་དབྱི་ཐཱ་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཐག་གཅོད་བྱས། ཀྲུང་གོ་ཕྱོགས་ཀྱིས་མཱ་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བཟང་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ནི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་དར་ཆ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཱ་ལི་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་དང་ལག་རྡང་སྦྲེལ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མཱ་ལིའི་གྲོས་ཁང་དང་མཉམ་དུ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་ཁྲིམས་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།
ཀི་དབྱི་ཐཱ་ཡིས་བསྟན་དོན། མཱ་ལི་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་གལ་ཆེན་གྱི་གྲོས་འགོར་བསྟོད་བསྔགས་ཚད་མེད་བྱེད་ཀྱིན་ཡོད་ལ། ཀྲུང་གོས་མཱ་ལི་ལ་རོགས་རམ་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། མཱ་ལི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། མུ་མཐུད་དུ་ཕྱོགས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།