ཚའེ་ཆི་ཡིས་ཅི་པོའུ་ཐིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 5

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས་གཉིས་ཉིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཅི་པོའུ་ཐིའི་ཙུང་ཐུང་ཀའེ་ལའེ་ལ་མཇལ་འཕྲད་གནང་།

ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོ་དང་ཅི་པོའུ་ཐིའི་བར་འབྲེལ་བ་བཙུགས་ནས་ལོ45འགོར་བའི་རིང་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག  ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཅི་པོའུ་ཐིའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ནས་ཀྲུང་གོ་དང་ཅི་པོའུ་ཐི་བར་གྱི་འབྲེལ་བའི་མ་འོངས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་ཤུགས་སྣོན་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་སྔར་ལས་མང་པོ་འཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཀའེ་ལའེ་ཡིས་བསྟན་དོན། ཅི་པོའུ་ཐི་ཕྱོགས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས་པར་ཡིད་སྨོན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅི་པོའུ་ཐིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བའི་ངེས་གནས་གསར་པར་དམིགས་ཏེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྔར་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།

ཤ་བོ་གསེར་མཚོས་བསྒྱུར།