ཏེན་ཞུའེ་ཞང་གིས་ཁོང་ཀོའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 7

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁོང་ཀོའི་ཙུང་ཐུང་ཆི་སའེ་ཁི་ཏིས་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་མཇལ་འཕྲད་གནང་བ་དང་། ཐུན་མོང་གི་ངོས་འཛིན་གལ་ཆེན་མང་པོ་བྱུང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཁ་ཕྱོགས་བསྟན་ཡོད། ཀྲུང་གོ་དང་ཁོང་ཀོ་རྒྱལ་ཁབ་གཉིས་ཀྱིས་གཙོ་འཛིན་བར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལག་གདང་སྦྲེལ་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། ཁོང་ཀོའི་བཟོ་ལས་ཅན་ལ་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་དང་། གཞི་གྲངས་དཔལ་འབྱོར། སྨན་བཅོས་འཕྲོད་བསྟེན། རིག་གནས་སློབ་གསོ་སོགས་མཉམ་ལས་འཕར་གཞི་གསར་པ་མཉམ་དུ་སྐྱེད་སྲིང་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་འཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཆི་སའེ་ཁི་ཏིས་ཀྱིས་བསྟན་དོན། ཁོང་ཀོ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ཁོང་ཀོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་སྔར་ལས་རྒྱ་ཆེར་བཏང་ནས་ཁོང་ཀོ་དང་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་འདོད་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།