ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཅི་པོའུ་ཐི་ཡི་ཙུང་ཐུང་ཀའེ་ལའེ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཅི་པོའུ་ཐི་ཡི་ཙུང་ཐུང་ཀའེ་ལའེ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས། ཀྲུང་གོ་དང་ཅི་པོའུ་ཐིའི་འབྲེལ་བ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱུང་བ་ཁྱབ་བསྒྲགས་བྱས།
ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཀའེ་ལེའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་པའི་ཚུན་གྱི་རྩེ་ཚོགས་ཡོངས་ལ་ཞུགས་པ་དང་། གླེང་སྟེགས་འཚར་ལོངས་འཕེལ་རྒྱས་ཀྱི་བདེན་དཔང་མཁན་དང་སྐུལ་འདེད་མཁན་ཡིན། ངས་དེར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཁྱེད་དང་མཉམ་ལས་དམ་ཟབ་བྱས་ནས། ཐེངས་འདིའི་རྩེ་ཚོགས་ཡོངས་གྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཅི་པོའུ་ཐིའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན། ལོ་ངོ་ཞེ་ལྔའི་རིང་ལ། ཀྲུང་གོ་དང་ཅི་པོའུ་ཐི་རྒྱལ་ཁབ་གཉིས་ཀྱིས་གཅིག་སེམས་གཅིག་གཏད་དང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། དཔལ་འབྱོར་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་བྱས་ལ། མི་དམངས་འགྲོ་འོང་ཐད་ནས་རྒྱུས་ཡོད་མཛའ་འབྲེལ་བྱས་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོས་ཅི་པོའུ་ཐི་དང་མཉམ་དུ། ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པའི་ཉམས་མྱོང་རྩ་ཆེན་འདོན་སྤེལ་བྱེད་པ། མཉམ་ལས་མཉམ་རྒྱལ་གྱི་ཁེ་ཕན་གྱི་སྒྲོག་ཐག་ཇེ་དམ་དུ་གཏོང་བ། ཞི་བདེ་མཉམ་གནས་ཀྱི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གྲུབ་འབྲས་གསར་བ་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཅི་པོའུ་ཐི་ཡིས་ཡ་ཅི་ལྕགས་ལམ་དང་རྒྱལ་སྤྱིའི་རང་དབང་ཉོ་ཚོང་ཁུལ་སོགས་ལས་གཞི་གཉེར་སྐྱོང་བཟང་བོ་བྱེད་པ་དང་། ས་ཁུལ་གྱི་ཉོ་ཚོང་དངོས་སྐྱེལ་ལྟེ་གནས་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་ཨ་ཧྥེ་རི་ཁའི་ལུའུ་པན་བཟོ་ཁང་དང་པོར་བདག་གཉེར་བཟང་བོ་བྱེད་པ་དང་། ཅི་པོའུ་ཐི་ཡིས་དཔལ་འབྱོར་འཛུགས་སྐྲུན་ཐད་མཁོ་བའི་བྱང་ཚད་མཐོ་བའི་འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་པར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོས་ཅི་པོའུ་ཐི་ཕྱོགས་ཀྱིས་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ནས། ཨ་ཧྥེ་རི་ཁའི་ཤར་སྣེ་དང་ཐ་ན་ཨ་ཧྥེ་རི་ཁ་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན།
ཀའེ་ལའེ་ཡིས་བསྟན་དོན། ཀྲུང་གོར་འཚམས་འདྲི་བྱེད་ཐེངས་རེར་ང་ལ་རང་ཁྱིམ་དུ་ལོག་པ་ལྟ་བུའི་ཚོར་སྣང་སྐྱེས་ཡོང་། ཀྲུང་གོས་འཐུས་ཚང་ཞིང་བརྩེ་སེམས་འཁོལ་བའི་སྒོ་ནས་བཀོད་སྒྲིག་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཅི་པོའུ་ཐི་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བ་དང་། དེ་ནི་ཀྲུང་གོ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་དང་མཉམ་འགྲོ་བྱས་པའི་ལོ་ཞེ་ལྔ་ཡིན། ཀྲུང་གོས་ཅི་པོའུ་ཐི་ཡི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བསྒྱུར་ཐད་རོགས་སྐྱོར་ཆེན་པོ་བཏོན་པར་བཀའ་དྲིན་ཞུས་པ་ཡིན། ཅི་པོའུ་ཐི་ཡིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་མངོན་པའི་གསོན་ཤུགས་ལ་ཡིད་ཚིམ་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་ཡ་ཅི་ལྕགས་ལམ་སོགས་ལས་གཞི་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། མིག་སྔར་རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་འོག ཅི་པོའུ་ཐི་ཡིས་ཀྲུང་གོའི་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་བདེ་འཇགས་དང་འཕེལ་རྒྱས་ཐད་མཉམ་དུ་འབད་བརྩོན་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཡོངས་འགྲུབ་བྱུང་སྟེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་རོགས་འདེགས་བྱེད་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཅི་པོའི་ཐི་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་འཕེལ་རྒྱས། མཁའ་འགྲུལ་མཁའ་སྐྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།