ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚེས་གཉིས་ཉིན་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁོ་མོ་རོ་ཡི་ཙུང་ཐུང་ཨ་ཀྲ་ལི་ལ་མཇལ་འཕྲད་གནང་།
ལི་ཞི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ནས་ཀྲུང་གོ་དང་ཁོ་མོ་རོའི་བར་གྱི་འབྲེལ་བའི་འཆར་གཞི་གསར་པ་མཉམ་དུ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོ་མོ་རོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱས་ནས་ཀྲུང་གོ་དང་ཁོ་མོ་རོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ལི་ཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གནས་ཚུལ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཉམས་མྱོང་ངོ་སྤྲོད་གནང་བར་མ་ཟད། ཁོ་མོ་རོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱག་འདོད་ཡོད་ཅེས་གསུངས།
ཨ་ཀྲ་ལི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50ཙམ་སོང་བའི་རིང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་སློབ་སྦྱོང་བྱེད་པ། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།