རྒྱལ་ཡོངས་སྲིད་གྲོས་ཀྱིས་ཚེས2ཉིན་པེ་ཅིང་དུ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གྲོས་མོལ་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།
ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ཆེན་པོ་གཉིས་གཅིག་འདོམས་བྱས་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྩ་བའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཤིང་། ཧུར་ཐག་རང་འགུལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བྱས་ལ། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་འབྱེད་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལེན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་སྟེ། གཞི་ཁྱོན་སྔར་ལས་ཆེ་ཞིང་། ཁྱབ་ཁོངས་སྔར་ལས་ཡངས་པ་དང་། རིམ་པ་སྔར་ལས་མང་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གྲུབ་ཡོད། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་སྤེལ་བའི་ཐད་ཀྱི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་གུང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་བཀོད་སྒྲིག་གཙོ་བོ་གཅིག་སྡུད་བྱས་ནས། སྲིད་དོན་གྲོས་སྡུར་ཟབ་མོ་བྱེད་པ་དང་། ཧུར་ཐག་གིས་གྲོས་མོལ་ཇུས་འདོན་བྱེད་པ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། འབྲེལ་ཡོད་བཅོས་སྒྱུར་བཀོད་སྒྲིག་སྔར་ལས་དོན་ཐོག་ཏུ་འཁྱོལ་བར་གཞོགས་འདེགས་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་གི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཇུས་ཆོད་བཀོད་སྒྲིག་འགྲེལ་བཤད་དང་དྲིལ་སྒྲོག་བཟང་པོ་བྱས་ནས། ཕྱོགས་སོ་སོས་ཀྲུང་གོའི་དཔལ་འབྱོར་དང་དངུལ་གཏོང་ཀྲུང་གོར་ཡིད་ཆེས་ཆེན་པོ་བྱེད་པར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བརྒྱར་ཉེ་བ་ཚོགས་འདུར་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་ཆེད་དོན་རྟོག་ཞིབ་གནས་ཚུལ་ངོ་སྤྲོད་བྱས་ཏེ། སྲིད་གྲོས་ཨུ་ཡོན་ཉེར་གཅིག་གིས་གཏམ་བཤད་ཅིང་། ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད་པ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་ལམ་ལུགས་འཛུགས་པ། ཁུལ་ཁོངས་ཀྱི་སྒོ་འབྱེད་སྒྲིག་བཀོད་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་གི་གཉེར་སྟངས་གསར་པ་དང་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བ་དང་། སྔར་ལས་ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གི་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་གཞིགས་ནས་གྲོས་མོལ་ཇུས་འདོན་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧི་ལིས་ཧྥུན་ཚོགས་འདུར་ཞུགས་པ་དང་། ཡུལ་དངོས་ནས་སྲིད་གྲོས་ཨུ་ཡོན་རྣམས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་པར་མ་ཟད་གཏམ་བཤད།
ཧྲི་ཐའེ་ཧྥུན་གྱིས་སྔ་དྲོའི་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན་ཞིང་། སྲིད་གྲོས་ཨུ་ཡོན་དང་མཉམ་དུ་གྲོས་མོལ་བརྗེ་རེས་བྱས།
ལྷ་མོ་འཚོས་བསྒྱུར།