ཞི་ཅིན་ཕིང་གིས་མ་ལིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མ་ལིའི་ཙུང་ཐུང་ཀི་དབྱི་ཐ་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མ་ལིའི་ཙུང་ཐུང་ཀི་དབྱི་ཐ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས། ཀྲུང་གོ་དང་མ་ལིའི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་བྱུང་བ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ལིའི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་མི་སྣས་དངོས་སུ་གསར་སྐྲུན་བྱས་པ་ཡིན། ལོ་ངོ་དྲུག་ཅུའི་སྔོན་དུ་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་བ་དང་། ཀྲུང་གོའི་ཕྱི་ཕྱོགས་རོགས་སྐྱོར་གྱི་རྩ་དོན་བརྒྱད་ཀྱི་ནང་ཐོག་དང་པོར་བཀོད་དེ། རྒྱལ་ཁབ་བདག་དབང་ལ་བརྩི་བཀུར་བྱེད་པ་དང་རང་ཚུགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་གྲོས་འགོ་བཏོན། རྩ་དོན་དེ་དག་ནི་ཀྲུང་གོ་དང་མ་ལིའི་དུས་ཡུན་རིང་བོའི་མཛའ་མཐུན་མཉམ་ལས་ཀྱི་ཕྱོགས་སྟོན་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འཛུགས་པའི་སྔོན་བརྡ་ཡང་ཡིན། མིག་སྔའི་གནས་བབ་འོག ཀྲུང་གོས་མ་ལི་དང་མཉམ་དུ་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། ཕན་ཚུན་བར་མུ་མཐུད་དུ་རྒྱབ་སྐྱོར་བརྟན་པོ་བྱས་ནས། མ་ལི་ཡིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་ཐད་རང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོས་ཀྲུང་གོའི་ཁེ་ལས་མ་ལི་རུ་སོང་ནས་དངུལ་གཏོང་བྱེད་པར་མུ་མཐུད་དུ་སྐུལ་སློང་གཏོང་བ་དང་། ཞིང་ལས་དང་ནུས་ཁུངས། གཏེར་ཐོན་གསར་སྤེལ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ལ། མ་ལི་ཡིས་ཀྲུང་གོའི་ཁེ་ལས་ལ་བདེ་འཇགས་འགན་སྲུང་དང་སྲིད་ཇུས་ཀྱི་སྟབས་བདེ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཨ་ཧྥེ་རི་ཁའི་མི་དམངས་ཀྱིས་རང་བདག་སྒོས་མདུན་ལམ་ལས་དབང་གཏན་ཁེལ་བྱེད་པར་ནམ་ཡང་རྒྱབ་སྐྱོར་བྱེད་པ་དང་། མ་ལི་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་ཕན་ཚུན་རྒྱབ་སྐྱོར་བྱས་ནས། མཉམ་དུ་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་འཚམ་པའི་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་དགོས། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་རྩེ་ཚོགས་སྟེང་དུས་རབས་གསར་བའི་ཀྲུང་ཧྥེ་མཉམ་ལས་ཀྱི་འཆར་གཞི་འགོད་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་བྱེད་དགོས། ཀྲུང་གོས་མ་ལི་སོགས་ཕྱོགས་སོ་སོ་དང་མཉམ་དུ། རྩེ་ཚོགས་ཡོངས་གྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།

ཀི་དབྱི་ཐ་ཡིས་བསྟན་དོན། ཀྲུང་གོས་ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་རྩེ་ཚོགས་གཙོ་སྒྲུབ་བྱས་པར་མ་ཟད་ང་ཚོར་སྣེ་ལེན་བཟང་བོ་བྱས་པར་བཀའ་དྲིན་ཞུས་པ་ཡིན། མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་སྤུན་ཟླ་ལྟ་བའི་མཛའ་བརྩེ་ཟབ་མོ་ཡོད་ལ། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ནས་ཟོལ་མེད་དངོས་གཉེར་ཡིན། ཀྲུང་གོས་མ་ལིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རོགས་རམ་རྩ་ཆེན་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པ་ཡིན། མ་ལི་ཡིས་ཀྲུང་གོའི་བར་གྱི་མཛའ་བརྩེ་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། འཐབ་ཇུས་གྲོགས་པོའི་འབྲེལ་བ་མཐོར་འདེགས་གཏོང་བ། ཞིང་ལས་དང་ནུས་གཏེར། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་། མ་ལི་ཡིས་ཀྲུང་གོ་གཅིག་གི་རྩ་དོན་གོང་བཀུར་ལག་བསྟར་བྱེད་ཀྱིན་ཡོད། མ་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་ལ་བརྩི་བཀུར་བྱེད་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། མ་ལི་ཡིས་ཀྲུང་གོས་ས་ཁུལ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་འབད་འཐབ་བྱས་པ་དང་བྱས་རྗེས་བཞག་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།