ཟླ9པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཝུ་ཀན་ཏའི་ཙུང་ཐུང་གཞོན་པ་ཨ་ལུའུ་པོ་དང་གྲོས་མོལ་གནང་།
ཧན་ཀྲིན་གྱིས་ཨ་ལུའུ་པོ་ཀྲུང་གོར་ཡོང་ནས2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཙུང་ཐུང་གཞོན་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་མུའུ་སའེ་ཝུའེ་ཉི་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་བསྒྲགས་གནང་རོགས་ཞེས་གསུངས། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཝུ་ཀན་ཏ་ནི་སྲོལ་རྒྱུན་མཛའ་གྲོགས་ཡིན་པ་དང་། ལྷག་བསམ་ཟོལ་མེད་ཀྱི་ལྟ་སྟངས་དང་མཉམ་ལས་གཉིས་ཕན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་དེ་ཝུ་ཀན་ཏའི“2040ལོའི་རྒྱང་རིང་གི་འཆར་འགོད”དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་ཀྲུང་གོ་དང་ཝུ་ཀན་ཏའི་མཉམ་ལས་གཏིང་ཟབ་དང་དོན་དངོས་ཡོང་བར་རོགས་རམ་བྱས་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས།
ཧན་ཀྲིན་གྱིས་དུས་མཚམས་རྗེས་མར་ཀྲུང་གོ་དང་ཝུ་ཀན་ཏའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་གྲོས་འགོ་གསུམ་བཏོན་པ་སྟེ། གཅིག་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་ཆེས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ་དང་། འགྲོ་འོང་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་ཝུ་ཀན་ཏའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། གཉིས་ནས་མཉམ་ལས་གཉིས་ཕན་དང་མཉམ་དུ་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱེད་པ། དངོས་སྒྲུབ་མཉམ་ལས་ཀྱི་སྦས་ཤུགས་སྐུལ་སྤེལ་བྱས་ནས་ཀྲུང་གོ་དང་ཝུ་ཀན་ཏའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། གསུམ་ནི་མུ་མཐུད་དུ་ཞི་བདེ་སྲུང་སྐྱོང་དང་དྲང་བདེན་སྲུང་སྐྱོང་བྱ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུ་ཀན་ཏ་ཕྱོགས་ཀྱིས་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་གྱི་རྩེ་ཚོགས་ཐེངས19པ་དང་སྐབས་གསུམ་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་འགོ་གཙོའི་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་གཙོ་གཉེར་བྱས་པར་གདེང་འཇོག་ཧུར་ཐག་བྱེད་པར་མ་ཟད། ཝུ་ཀན་ཏ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་རྒྱབ་སྐྱོར་བྱས་པ་དང་དེའི་ནང་ཧུར་ཐག་གིས་ཞུགས་པར་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཝུ་ཀན་ཏ་ཕྱོགས་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་ནས་གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ཤུགས་བསྡུ་རུབ་བྱེད་འདོད་ཡོད་ཅེས་གསུངས།
ཨ་ལུའུ་པོ་ཡིས་ཝུ་ཀན་ཏ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ལ་སྤྲོ་སེམས་འཁོལ་བའི་འཚམས་འདྲི་ཞུས་པ་དང་། 2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུས་ཤིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་སྐྲུན་འདོད་ཡོད། ཝུ་ཀན་ཏ་དང་ཀྲུང་གོའི་འབྲེལ་བ་ཧ་ཅང་མཛའ་བརྩེ་ལྡན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཝུ་ཀན་ཏ་ཕྱོགས་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་རྩ་ཆེན་གནང་བར་ཚད་མཐོའི་གདེང་འཇོག་དང་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ཝུ་ཀན་ཏ་དང་ཀྲུང་གོའི་བར་སློབ་གསོ་དང་། འབྲུ་རིགས། གཞི་གྲངས། གནམ་གཤིས་འགྱུར་ལྡོག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོར་རྒྱུར་རེ་བ་བྱེད་ཀྱིན་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།