ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་བྱས་པ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་ཧྥུའུ་ལེ་ཡིས་དུས་ཡུན་རིང་བོར་ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་རྐྱེན་སྲོལ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་པར་བསྟོད་བསྔགས་མཛད་དེ་བསྟན་དོན། ཀྲུང་གོས་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྤེལ་དང་གཞི་གཅིག་ཅན་གྱི་བརྒྱུད་རིམ་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད། ཐེངས་འདིའི་གླེང་སྟེགས་རྩེ་ཚོགས་སྟེང་ཀྲུང་ཧྥེ་མཉམ་ལས་ཀྱི་འཆར་གཞི་གསར་པ་འགོད་པར་ཤུགས་འདོན་རྒྱུ་ཡིན་པ་དང་། ཀྲུང་ཧྥེ་འབྲེལ་བའི་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཀྲུང་གོས་ཐོ་ཀོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། རྩེ་ཚོགས་ཡོངས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཐོ་ཀོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྲོལ་རྒྱུན་མཛའ་བརྩེ་དེ་ཕྱོགས་གཉིས་ཀྱི་རྒན་རབས་འགོ་ཁྲིད་མི་སྣས་མཉམ་སྐྲུན་བྱས་པ་ཡིན། དུས་རབས་གསར་བར་ཞུགས་རྗེས། ཀྲུང་གོ་དང་ཐོ་ཀོའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་བཏང་ནས། མཉེན་ཤུགས་དང་གསོན་ཤུགས་མངོན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་དང་སེམས་ཁྲལ་བྱེད་པའི་གནད་དོན་སྟེང་ཕན་ཚུན་ལ་ནམ་ཡང་རྒྱབ་སྐྱོར་བརྟན་པོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྲ་བརྟན་འགྱུར་མེད་ཡིན་ལ། ཕན་ཚུན་བར་གྱི་ཡིད་རྟོན་གཞོག་ཞིག་མེད་པ་དང་། རྒྱལ་ཁབ་བར་ཟོལ་མེད་མཛའ་མཐུན་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོས་ཐོ་ཀོ་བརགྱི་ཆབ་སྲིད་ཀྱི་ཡིད་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྨང་གཞི་སྒྲིག་ཆས་དང་ཞིང་ལས་ཆུ་བེད། མཉམ་འབྲེལ་མཉམ་མཐུད་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ས་ཁུལ་གྱི་མཐུན་སྒྲིལ་གཏན་འཇགས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཧྥུའུ་ལེ་ཡིས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱིས་དུས་བབ་དང་བསྟུན་པ་དང་། ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ལ། ཨ་ཧྥེ་རི་ཁ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་གྱུར་ཡོད། དེང་སྐབས་འཛམ་གླིང་དེ་ཉེན་ཁ་དང་འཇིགས་སྐུལ་མང་པོར་འཕྲད་ཡོད་པ་དང་། ཀྲུང་གོའི་རྒྱབ་སྐྱོར་དང་མཉམ་ལས་དེ་ཨ་ཧྥེ་རི་ཁའི་བདེ་འཇགས་དང་འཕེལ་རྒྱས་ལ་མཚོན་ན་ཧ་ཅང་གལ་ཆེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་བསྡུས་པར་བཀའ་དྲིན་ཞུས་པ་ཡིན། ཐེངས་འདིའི་རྩེ་ཚོགས་ཀྱིས་ཧྥེ་ཀྲུང་མཉམ་ལས་ཐད་གསོན་ཤུགས་གསར་བ་བསྣན་ནས། ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་བདེ་འཇགས་དང་འཕེལ་རྒྱས་དང་། དཔལ་ཡོན་ཡར་ཐོན་ཐད་བྱས་རྗེས་གསར་བ་འཇོག་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། ཐོ་ཀོ་དང་ཀྲུང་གོའི་མཉམ་ལས་ཐད་ནས་ཕན་ཚུན་བརྩི་བཀུར་དང་མཉམ་དུ་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་པོ་གཞི་རྩ་རུ་བྱེད་པ་དང་། འཐབ་ཇུས་རང་བཞིན་ཆེན་པོ་ལྡན། ཀྲུང་གོའི་བར་གྱི་མཛའ་མཐུན་བརྗེ་རེས་དང་མཉམ་ལས་ཀྱིས་ཐོ་ཀོའི་ནུས་པ་འཛུགས་སྐྲུན་དང་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཐོ་ཀོ་ཕྱོགས་ཀྱིས་ཀྲུང་གོའི་རྨང་གཞི་སྒྲིག་ཆས་དང་ཚན་རྩལ། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད། ཐོ་ཀོས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་གོང་བཀུར་ལག་བསྟར་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོས་ཐའེ་ཝན་དང་ལྷོ་རྒྱ་མཚོ་སོགས་གནད་དོན་སྟེང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།