ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བར་མ་ཟད་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་དང་གྲོས་མོལ་མཛད།
ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་མ་ཟད་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་སར་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་བྱས་པ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་མཛའ་བརྩེ་དེ་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་སྐབས་གཅིག་སེམས་གཅིག་གཏད་བྱས་པ་དང་རྒྱལ་ཁབ་འཕེལ་རྒྱས་འཛུགས་སྐྲུན་བྱེད་སྐབས་ཕན་ཚུན་རོགས་རམ་བྱས་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་འཚོལ་སྙེག་བྱེད་སྐབས་མཐུན་སྒྲིལ་མཉམ་ལས་བྱས་པ་བཅས་ལས་བྱུང་བ་ཡིན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་གསར་པ་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡང་ཡིན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེ་ན་ཡང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མོ་རྒྱལ་ཁབ་གཉིས་ཀྱིས་དེང་རབས་ཅན་འཚོལ་སྙེག་བྱེད་པའི་འགན་འཁྲི་འགྱུར་མེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བློ་རྩ་འགྱུར་མེད་ལ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བའི་རེ་འདུན་འགྱུར་མེད་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན་པ་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་མཐུན་ལ། དུས་རབས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤན་ཤུགས་ཆེན་པོ་ལྡན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་བའི་ངེས་གནས་གསར་པར་དམིགས་ནས། ཕྱོགས་གཉིས་ཀྱིས་ཁ་ཕྱོགས་གསུམ་ཁོང་དུ་ཆུད་པར་བྱེད་དགོས། གཅིག་ནི་མཉམ་དུ་ཡར་ཐོན་ཡོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡིན་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་ཡིད་རྟོན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པར་སྣེ་ཁྲིད་བྱེད་དགོས། གཉིས་ནི་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ཁ་ཕྱོགས་ཡིན་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་རྩེ་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་ནས། གཞི་གྲངས་དཔལ་འབྱོར་དང་མིའི་བཟོས་རིག་ནུས། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་མི་རབས་མཛའ་མཐུན་གྱི་དམངས་ཀྱི་འདོད་བློའི་ཁ་ཕྱོགས་ཡིན་ཏེ། མི་ཤུགས་ཐོན་ཁུངས་གསར་སྤེལ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། ལས་རིགས་སློབ་གསོའི་དགེ་ཐོན་སློབ་གྲྭ། ལས་རིགས་གསོ་སྦྱོང་ལྟེ་གནས་བཅས་ཀྱི་ལས་གཞི་མྱུར་དུ་ལག་བསྟར་བྱས་ནས། ཨ་ཧྥེ་རི་ཁ་ལྷོ་མའི་ན་གཞོན་ལ་བྱ་དགའི་སློབ་རོགས་མ་དངུལ་དང་ཟབ་སྦྱོང་གསོ་སྦྱོང་གི་གོ་སྐབས་འདོན་སྤྲོད་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་དང་རྒྱལ་སྤྱིའི་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་ཀྱིས་ཐེངས་འདིའི་རྩེ་ཚོགས་སྟེང་དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ངེས་གནས་གསར་པ་གཏན་ཁེལ་བྱེད་རྒྱུ་ཡིན་པ་དང་། དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ལ་མཉམ་གྲོས་བྱེད་རྒྱུ་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། ཀྲུང་གོའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་འབྱེད་པའི་རྒྱ་ཆེ་རུ་བསྐྱེད་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་མཉམ་ལས་ཀྱི་སྒུལ་ནུས་གསར་པ་གསར་སྐྲུན་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཇེ་བཟང་ནས་ཇེ་བཟང་དུ་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་གི་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་སྔར་ན་མེད་པའི་འགྲན་རྩོད་ལ་འཕྲད་ཡོད། རྒྱལ་སྤྱིའི་གནས་བབ་ཇི་ལྟར་རྙོག་འཛིང་དུ་གྱུར་ན། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དེ་ལྟར་རང་བཙན་རང་བདག་དང་མཐུན་སྒྲིལ་རོགས་ལས་བྱས་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོས་ཨ་ཧྥེ་རི་ཁ་ལྷོ་མ་དང་མཉམ་དུ། རྒྱལ་སྤྱིའི་ཕྱོགས་མང་རོགས་ལས་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ཨ་ཧྥེ་རི་ཁས་རྒྱལ་ཁབ་ཉི་ཤུའི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྒྱབ་སྐྱོར་བྱེད་འདོད་ཡོད།
ལཱ་མཱ་ཧྥུའུ་སཱ་ཡིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་ལྷོ་མར་རྒྱལ་དོན་འཚམས་འདྲི་ཐེངས་བཞི་པ་གནང་བ་དང་། ང་ཚོས་མཉམ་དུ་ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཉེར་ལྔ་འཁོར་བར་རྟེན་འབྲེལ་ཞུས་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་རྫོགས་ལྡན་དུས་རབས་སུ་སླེབས་པར་སྐུལ་འདེད་བཏང་། ཨ་ཧྥེ་རི་ཁ་ལྷོ་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བར་ཚད་མཐོའི་ཆབ་སྲིད་ཀྱི་ཡིད་རྟོན་དང་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་ཅིང་། གནད་དོན་མང་པོའི་ཐད་ཀྱི་ལངས་ཕྱོགས་ཕལ་ཆེར་འདྲ་ལ་དམིགས་འབེན་གཅིག་གྱུར་རེད། དཔལ་འབྱོར་ཉོ་ཚོང་གིས་འདྲ་མཉམ་གོང་བཀུར་དང་གཉིས་ཕན་མཉམ་རྒྱལ་གཞི་རྩ་རུ་བྱས་པས། འབྲེལ་བ་ཉིན་བཞིན་ཇེ་ཟབ་ཏུ་གྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཨ་ཧྥེ་རི་ཁ་ལྷོ་མའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་ལྷོ་མ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་པར་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པར་ཡིད་ཆེས་ཡོད། ཨ་ཧྥེ་རི་ཁ་ལྷོ་མ་མུ་མཐུད་དུ་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པ་དེ་གོ་སྐབས་སུ་བརྩིས་ཏེ། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། རྨང་གཞིའི་སྒྲིག་ཆས། ནུས་ཁུངས་གསར་པ། དབུལ་སེལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་དང་། མི་གཞུང་འགྲོ་འོང་དང་སློབ་གསོ་རིག་གནས་མཉམ་ལས་དམ་ཟབ་བྱེད་ཅིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་བཏང་སྟེ། ཨ་ཧྥེ་རི་ཁ་ལྷོ་མའི་དེང་རབས་ཅན་མངོན་འགྱུར་བྱེད་པར་གཞོགས་འདེགས་བྱེད་འདོད་ཡོད། ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་ལག་བསྟར་བྱེད་དགོས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་ཁེ་ཕན་མང་པོ་ཐོབ་པར་བྱས་ཡོད། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་རྩེ་ཚོགས་བདེ་བླག་ངང་གཙོ་སྒྲུབ་མཛད་པར་རྒྱབ་སྐྱོར་བྱེད་ཅིང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཨ་ཧྥེ་རི་ཁ་ལྷོ་མས་ཀྲུང་གོ་དང་པ་ཞི་ཡིས་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པར་ཐུན་མོང་གི་ངོས་འཛིན་དྲུག་བཏོན་པར་རྒྱབ་སྐྱོར་བྱེད་ཅིང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མས་ན་ནིང་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་གྲོས་མོལ་གཙོ་སྒྲུབ་བྱས་པར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་བཞིན་ཡོད་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མུ་མཐུད་དུ་གསེར་གྱོམ་རྒྱལ་ཁབ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་འོག་ཏུ་འབྲེལ་འདྲིས་མཉམ་ལས་དམ་ཟབ་བྱེད་འདོད་ཡོད་ཟེར།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བྱང་སྟོན་འཁོར་སྐར་ཕྱོགས་སྟོན་མ་ལག་བེད་སྤྱོད་དང་། མི་སྡོད་ཁོར་ཡུག་འཛུགས་སྐྲུན། ཕྱོགས་གཉིས་ཀྱི་ཉོ་ཚོང་། ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་ཞུགས་འཐུས། རིག་གནས་ཤུལ་བཞག་རྒྱུ་ནོར་སོགས་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ལཱ་མཱ་ཧྥུའུ་སཱར་དགའ་བསུའི་མཛད་སྒོ་བསྡུས།
ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།
རིན་ཆེན་མཚོ་དང་ལྷ་མོ་འཚོ་གཉིས་ཀྱིས་བསྒྱུར།