ཞི་ཅིན་ཕིང་གིས་ཀུའེ་ནེ་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

ཟླ9པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀུའེ་ནེ་ཡའི་ཙུང་ཐུང་ཏུན་པུའུ་ཡ་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས2ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀུའེ་ནེ་ཡའི་ཙུང་ཐུང་ཏུན་པུའུ་ཡ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀུའེ་ནེ་ཡ་ནི་ཀྲུང་གོ་གསར་པས་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁ་རུ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཟླ་བ་རྗེས་མར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ65འཁོར་བ་རེད། ལོ་ངོ65རིང་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་རྒྱུན་འཁྱོངས་བྱས་ཏེ། སོ་སོ་རང་བཙན་རང་བདག་གི་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། འདྲ་མཉམ་གཉིས་ཕན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པའི་དངོས་སྒྲུབ་མཉམ་ལས་སྤེལ་ཡོད། ཕན་ཚུན་རོགས་རམ་རྒྱུན་འཁྱོངས་བྱས་ནས་ཕན་ཚུན་དཀའ་ངལ་ལ་འཕྲད་སྐབས་ཕན་ཚུན་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ནེ་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཀུའེ་ནེ་ཡའི་སྲོལ་རྒྱུན་མཛའ་མཐུན་སྐྱེད་སྲིང་དང་དར་སྤེལ་ཡག་པོ་གཏོང་བ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བ་ཡོད་པའི་ཐད་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ད་ཐེངས་ཀྱི་རྩེ་ཚོགས་སྟེང་འདོན་རྒྱུ་ཡིན་པའི་བྱེད་ཐབས་གལ་ཆེན་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ཁུངས་གསར་སྤེལ། གྲོང་གསེབ་འཕེལ་རྒྱས། དབུལ་སེལ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་ཀུའེ་ནེ་ཡའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་རྒྱུར་རོགས་རམ་བྱེད་པ་དང་། ཀྲུང་གོ་དང་ཀུའེ་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་པར་བྱ་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨ་ཧྥེ་རི་ཁ་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་རྨང་རྡོ་ལྟ་བུ་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ནུས་ལྡན་ཞིག་ཡིན་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དར་ཆ་ལྟ་བུ་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ནེ་ཡ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས་ད་ཐེངས་ཀྱི་རྩེ་ཚོགས་བདེ་བླག་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཏུན་པུའུ་ཡ་ཡིས་བསྟན་དོན། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀུའེ་ནེ་ཡ་ནི་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཀུའེ་ནེ་ཡ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་སྟེང་ཀྲུང་གོ་གཅིག་ལས་མེད་པ་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་ལེན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འགོ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་སྔོན་ཐོན་འདུ་ཤེས་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ནི་ཀུའེ་ནེ་ཡའི་ངོས་ནས་བརྗོད་ན་དཔྱད་གཞི་རྩ་ཆེན་ཞིག་རེད།  ཀྲུང་གོས་ཀུའེ་ནེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་རྩ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་ཀུའེ་ནེ་ཡར་དངུལ་གཏོང་མཉམ་ལས་བྱས་པ་དེས་ཀུའེ་ནེ་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་པས་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་ཞིག་ཡིན། ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལ་གྲུབ་འབྲས་ཐོབ་ནས་རྨང་གཞིའི་སྒྲིག་བཀོད་དང་། ནུས་ཁུངས། གཏེར་ཁ། འགྲིམ་འགྲུལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།