ཞི་ཅིན་ཕིང་གིས་ཙམ་པབ་ཝེ་ཡི་ཙུང་ཐུང་དང་གྲོས་མོལ་མཛད།
2024.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་གྲོས་མོལ་མཛད།

ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཙམ་པབ་ཝེ་ཡི་ཙུང་ཐུང་མུའུ་ནན་ཅཱ་ཀུའུ་ཝ་དང་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་ཧ་ཅང་ཟབ། ཉེ་བའི་ལོ་འགའི་རིང་ལ། ང་ཚོ་ཐུན་མོང་གི་འགོ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གྱུར་བ་དང་། མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་ཡིན་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་རོགས་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོ་དང་ཙམ་པབ་ཝེ་བར་གྱི་མཛའ་བརྩེ་སྔར་ལས་སྲ་བརྟན་དང་ཇེ་ཟབ་ཏུ་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་དང་མཐུན། ཕྱོགས་གཉིས་ཀྱིས་མཛའ་མཐུན་གྱི་ཐོག་མའི་བསམ་འདུན་རྒྱུན་འཛིན་བྱེད་པ་དང་། ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། བདེ་འཇགས། མི་གཞུང་། རྒྱལ་སྤྱིའི་རོགས་ལས་བཅས་རྒྱབ་རྟེན་དུ་བྱས་པའི་སྐར་ལྔའི་ཟླ་གྲོགས་ཀྱི་མཉམ་ལས་སྒྲོམ་གཞི་བཙུགས་ནས། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཙམ་པབ་ཝེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཙམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱི་ཏང་གཉིས་ཀྱི་འདུ་ཤེས་འདྲ་མཚུངས་ཡིན་པ་དང་ཕན་ཚུན་ལ་ཡིད་རྟོན་བརྟན་པོ་བྱེད་པ་དེ་ནི། ཀྲུང་གོ་དང་ཙམ་པབ་ཝེའི་འབྲེལ་བའི་དགེ་མཚན་ཆེས་ཆེན་པོ་ཡིན། ཀྲུང་གོས་ཙམ་པབ་ཝེ་ཕྱོགས་ཀྱིས་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་ཀྱི་ཐེ་གཏོགས་དང་ཁྲིམས་འགལ་བཀག་སྡོམ་ལ་ངོ་རྒོལ་བྱེད་པ། ཙམ་པབ་ཝེ་བར་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད། ཀྲུང་གོས་ཙམ་པབ་ཝེ་བར་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། དངུལ་གཏོང་དང་ཉོ་ཚོང་། རྨང་གཞི་སྒྲིག་ཆས། ནུས་ཁུངས་གཏེར་ཐོན། དག་གཙང་ནུས་ཁུངས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་གཉིས་ཕན་མཉམ་ལས་བྱས་ཏེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་འབྲེལ་མཉམ་མཐུད་ཀྱི་དྲ་རྒྱ་གསར་སྐྲུན་བྱེད་པ་དང་། ཙམ་པབ་ཝེ་དང་ཨ་ཧྥེ་རི་ཁས་རང་བདག་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་གཏོང་བར་རམ་འདེགས་བྱེད་འདོད་ཡོད།  ཀྲུང་གོས་ཙམ་པབ་ཝེ་ཡི་ཕུལ་བྱུང་སློབ་མ་ཀྲུང་གོར་ཡོང་ནས་སློབ་སྦྱོང་བྱེད་པར་མུ་མཐུད་དུ་བྱ་དགའི་རོགས་དངུལ་འདོན་སྤྲོད་བྱས་ཏེ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་ཙམ་པབ་ཝེ་ཡིས་ཀྲུང་གོས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་གཞི་དང་འདོད་བློ་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་པ་དང་། ཙམ་པབ་ཝེ་ཡིས་ཨ་ཧྥེ་རི་ཁ་ལྷོ་མའི་འཕེལ་རྒྱས་ཐུན་མོང་ཚོགས་པའི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བར་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ཙམ་པབ་ཝེ་བར་གྱི་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་པ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ནམ་ཡང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་རྨང་རྡོ་རུ་བརྩིས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་རང་ཚུགས་རང་བདག་གི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་པ་དང་། ཨ་ཧྥེ་རི་ཁ་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། དཔལ་ཡོན་འཕེལ་རྒྱས་ཀྱི་སྣེ་གལ་ཆེན་ཞིག་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ཀྱི་སྟེགས་བུ་དང་རྐྱེན་སྲོལ་ཆེས་གལ་ཆེན་ཡིན་པ་དང་། རྒྱལ་སྤྱིའི་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་གལ་ཆེན་དུ་གྱུར་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁ་དང་མཉམ་དུ། ཐེངས་འདིའི་རྩེ་ཚོགས་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུའི་རྒྱས་ཚོགས་སུ་བསྡུ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་གྱི་ཁ་ཕྱོགས་དང་མངོན་འགྱུར་གྱི་ལམ་བུ་གཏན་ཁེལ་གསལ་བོ་བྱེད་འདོད་ཡོད།

མུའུ་ནན་ཅཱ་ཀུའུ་ཝ་ཡིས་བསྟན་དོན། ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱེད་པའི་སྐབས་སུ། ངས་ཧུའུ་ནན་དང་ཧྲིན་ཀྲིན། ནན་ཅིན་བཅས་ལ་ལྟ་སྐོར་བྱས་པ་ཡིན་ལ། ང་ལ་སྐུལ་མ་ཆེན་པོ་ཐེབས་སོང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་རླབས་ཆེན་བླངས་པ་དང་། ཀྲུང་གོའི་ལག་རྩལ་དང་ཁེ་ལས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་འདུག ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་པའི་བཅོས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པས། ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་བཏང་བར་མ་ཟད། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མིའི་རིགས་ཀྱི་མ་འོངས་པར་ནུས་ཤུགས་ཆེན་པོ་བཏོན་ཡོད། ཀྲུང་གོས་ཙམ་པབ་ཝེ་ཡི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་དང་བཅས་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོའི་རོགས་རམ་དང་མཉམ་ལས་ཀྱིས་ཙམ་པབ་ཝེ་ཡི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། དུས་རབས་གསར་པའི་ཙམ་པབ་ཝེ་དང་ཀྲུང་གོའི་མཛའ་མཐུན་གྱི་མིང་བྱང་གསར་པ་མང་པོ་བསྐྲུན་ཡོད། ཙམ་པབ་ཝེ་ཡིས་ཀྲུང་གོའི་བར་་རྒྱལ་སྲིད་སྐྱོང་ལུགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ་དང་། རྨང་གཞི་སྒྲིག་ཆས་དང་ཞིང་ལས། གཏེར་ཐོན། ནུས་ཁུངས་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཙམ་པབ་ཝེ་ཡི་དེང་རབས་ཅན་གྱི་བརྒྱུད་རིམ་ལ་སྐུལ་འདེ་གཏོང་འདོད་ཡོད། ཙམ་པབ་ཝེ་ཡིས་ཀྲུང་གོ་རྒྱལ་སྤྱིའི་ལས་དོན་ཐད་ནས་ཙམ་པབ་ཝེ་ཡི་ཕྱོགས་སུ་འགྲེང་བར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོས་ཝུའུ་ཁི་ལན་གྱི་ཉམས་ཉེན་དང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་ལས་དོན་སྟེང་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་བར་གྱི་ཕྱོགས་མང་རོགས་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཙམ་པབ་ཝེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་ཀྲུང་གོའི་ཨ་ཧྥེ་རི་ཁ་ལྷོ་མའི་གྲོགས་པོ་བཟང་བོ་བྱེད་པ། ཀྲུང་གོ་དང་མཉམ་དུ་ཙམ་པབ་ཝེ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལེགས་འགྲུབ་འབྱུང་ནས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་སུ་འགྱུར་རྒྱུའི་སྨོན་འདུན་ཞུ།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི། དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས། ཆང་བ་ལི་ཀྲུང་གོར་འདྲེན་པ། གསར་འགྱུར་སོགས་ཁྱབ་ཁོངས་སུ་ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཙམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་དང་མཐོར་འདེགས་གཏོང་བ་དང་། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཙམ་པབ་ཝེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མའི་ནང་མུའུ་ནན་ཅཱ་ཀུའུ་ཝར་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཝང་དབྱི་གོང་གསལ་གྱི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།