ཞི་ཅིན་ཕིང་གིས་སེ་ཧྲེར་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སེ་ཧྲེར་གྱི་ཙུང་ཐུང་ལཱ་མུའུ་ཁ་ལཱ་ཝང་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སེ་ཧྲེར་གྱི་ཙུང་ཐུང་ལཱ་མུའུ་ཁ་ལཱ་ཝང་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱས་པ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སེ་ཧྲེར་རྒྱལ་ཁབ་གཉིས་ཀ་རྒྱ་མཚོ་ཆེན་མོའི་ཕྱོགས་གཉིས་སུ་ཡོད་ན་ཡང་། མཛའ་མཐུན་འགྲོ་འོང་བརྒྱུད་དེ་རི་ཆུ་བརྒལ་བའི་མཛའ་བརྩེ་ཟབ་མོ་ཆགས་ཡོད། ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་ནི་རྒྱལ་ཁབ་ཆེ་བ་དང་ཆུང་བའི་ཟོལ་མེད་མཛའ་བརྩེ་དང་འདྲ་མཉམ་མཉམ་གནས། ཕན་ཚུན་རོགས་རེས་དང་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁྲལ་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་རྒྱུ་དེ་སྔོན་འགྲོའི་བྱ་བར་བརྩིས་ནས། འཐབ་ཇུས་ཡིད་རྟོན་རྒྱུན་འཁྱོངས་བྱེད་པ་དང་ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཐུན་མོང་བདེ་འཇགས་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཁྱོངས་བྱེད་དགོས། སེ་ཧྲེར་མུ་མཐུད་དུ་ཀྲུང་གོ་དང་ཧིན་རྡུ་རྒྱ་མཚོ་ས་ཁུལ་གྱི་འཕེལ་རྒྱས་མཉམ་ལས་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུ་བ་དང་། རྒྱ་མཚོའི་ཐོན་ཁུངས་རྒྱུན་མཐུད་ངང་གསར་སྤེལ་བྱས་ཏེ། སེ་ཧྲེར་གྱི་ལྗང་མདོག་དཔལ་འབྱོར་སྦས་ཤུགས་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་དགོས། ཀྲུང་གོས་སེ་ཧྲེར་བར་གྱི་འཕྲལ་བསྟུན་དང་གནོད་འགོག་གནོད་སྐྱོབ་བྱ་བར་ཤུགས་སྣོན་པ་དང་། སེ་ཧྲེར་ཕྱོགས་ཀྱིས་མཚོ་ཇག་དང་ཁྲིམས་འགལ་བྱ་འགུལ་ལ་རྡུང་རྡེག་བྱེད་པར་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་དང་སེ་ཧྲེར་བར་ཐད་གཏོང་གནམ་གྲུ་གཏོང་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་གནས་སྐོར་པ་ཕན་ཚུན་རྒྱལ་ཁབ་ལ་གནས་སྐོར་དུ་འགྲོ་བར་སྐུལ་སློང་བྱེད་འདོད་ཡོད། སེ་ཧྲེར་གྱི་ཕུལ་བྱུང་སློབ་མ་ཀྲུང་གོར་སློབ་སྦྱོང་བྱེད་དུ་ཡོང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལས་དོན་རྒྱུན་འཛིན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་ཐད་ནས་གཉིས་ཕན་མཉམ་རྒྱལ་དང་བབ་བསྟུན་མདུན་སྐྱོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ནམ་ཡང་རྒྱལ་སྤྱི་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་བསྐྱོད་དགོས། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་ནས་ལོ་ངོ་ཉེར་བཞིའི་རིང་ལ། ཀྲུང་ཧྥེ་མཉམ་ལས་ཐད་ནས་འཛམ་གླིང་ཡོངས་ཡིད་སྨོན་འཆོར་བའི་གྲུབ་འབྲས་བླངས་ཡོད། ཀྲུང་གོས་སེ་ཧྲེར་སོགས་ཕྱོགས་སོ་སོ་དང་མཉམ་དུ། ཐེངས་འདིའི་རྩེ་ཚོགས་ལེགས་འགྲུབ་འབྱུང་བར་སྐུལ་འདེད་བཏང་ནས། ཀྲུང་ཧྥེ་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད།

ལཱ་མུའུ་ཁ་ལཱ་ཝང་གིས་བསྟན་དོན། སེ་ཧྲེར་དང་ཀྲུང་གོའི་མཛའ་བརྩེ་དེ་ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་གྲུབ་པ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལེགས་པོ་འབྱུང་བཞིན་ཡོད། ཀྲུང་གོས་སེ་ཧྲེར་ལ་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོའི་འགོག་སྨན་གྱི་དྲིན་གྱིས་སེ་ཧྲེར་གྱིས་པྲོག་གསར་གློ་ཚད་རིམས་ནད་མྱུར་དུ་ཁྱད་སེལ་བྱས་པ་དང། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་མྱུར་དུ་སླར་གསོ་བྱས། སེ་ཧྲེར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་བོ་དང་ལྟ་བ་ཟབ་མོར་བརྩི་འཇོག་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཕན་ཚུན་གྱི་གྲོགས་པོ་དངོས་སུ་འགྱུར་འདོད་ཡོད། སེ་ཧྲེར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་གོང་བཀུར་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། སེ་ཧྲེར་གྱིས་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་སྤྱིའི་རོགས་ལས་ཇེ་དམ་དུ་གཏོང་འདོད་ཡོད། ཁྲིན་ཏུའུ་ནས་སེ་ཧྲེར་བར་དུ་ཐད་གཏོང་གནམ་གྲུ་གཏོང་རྒྱུ་ཡིན་པ་དེས་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་མཚོ་དམག་གི་ཞི་བདེའི་གྲུ་གཟིངས་ཀྱིས་ཡང་བསྐྱར་སེ་ཧྲེར་རུ་འཚམས་འདྲི་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ་ཟེར།

རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་སེ་ཧྲེར་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་འཆར་འགོད་དང་ས་གནས་མཉམ་ལས་སོགས་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་རྒྱུ་རེད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།