ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཨི་ལིས་ཐི་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་དང་མཇལ་འཕྲད་གནང་།
ཟླ9པའི་ཚེས2ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཨི་ལིས་ཐི་ལི་ཡའི་ཙུང་ཐུང་དབྱི་ས་ཡ་སི་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨི་ལིས་ཐི་ལི་ཡའི་བར་འབྲེལ་བ་བཙུགས་པའི་ལོ་ངོ་སུམ་ཅུའི་རིང་ལ། ཕན་ཚུན་ཡིད་རྟོན་དང་ཕན་ཚུན་ལ་ཤུགས་ཡོད་རྒྱབ་སྐྱོར་བྱས། ན་ནིང་གི་ཟླ་ལྔ་པར། སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ང་ཚོ་ཐུན་མོང་གི་ལྟ་བ་གལ་ཆེན་ཐད་ནས་ཡར་ཐོན་ཆེན་པོ་བྱུང་། ཀྲུང་གོས་ཨི་ལིས་ཐི་ལི་ཡས་རང་ཚུགས་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱར་སྲུང་སྐྱོབ་བརྟན་པོ་བྱས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ངོས་ནས་ཀྲུང་གོ་དང་ཨི་ལིས་ཐི་ལི་ཡའི་འབྲེལ་བ་ལྟ་སྟངས་འཛིན་པ་དང་། ཨི་ལིས་ཐི་ལི་ཡའི་བར་གྱི་ཆབ་སྲིད་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨི་ལིས་ཐི་ལི་ཡ་གཉིས་ཀ་གཅིག་སེམས་གཅིག་མཐུན་གྱི་སྤུན་ཟླ་བཟང་བོ་དང་གཉིས་ཕན་མཉམ་རྒྱལ་གྱི་ཟླ་གྲོགས་བཟང་བོ། འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་པའི་གྲོགས་པོ་བཟང་བོ་བྱེད་དགོས། ཀྲུང་གོས་ཨི་ལིས་ཐི་ལི་བར་གྱི་རིམ་པ་སོ་སོའི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས། ཨ་ཧྥེ་རི་ཁའི་བྱང་ཤར་རྒྱུད་ཀྱི་ཞི་བདེ་འཕེལ་རྒྱས་བསམ་བཀོད་སོགས་གྲོས་གཞི་དང་རྐྱེན་སྲོལ་སྟེགས་བུ་བཀོལ་སྤྱོད་བཟང་བོ་བྱེད་པ། ནུས་ཁུངས་དང་རྨང་གཞི་སྒྲིག་ཆས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཨི་ལིས་ཐི་ལི་ཡ་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་དུ་བསྒྱུར་བའི་བརྒྱུད་རིམ་ལ་རམ་འདེགས་བྱེད་འདོད་ཡོད། ཀྲུང་གོ་དང་ཨི་ལིས་ཐི་ལི་ཡ་གཉིས་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་མང་པོའི་ཐད་ཀྱི་ལྟ་ཚུལ་གཅིག་འདྲ་ཡིན་པ་དང་། ཀྲུང་གོས་ཨི་ལིས་ཐི་ལི་ཡའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་སྔར་ལས་བཟང་བོ་བྱེད་པ་དང་། སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་ཐད་ཤུགས་འདོན་འདོད་ཡོད།
དབྱི་ས་ཡ་སི་ཡིས་བཤད་རྒྱུར། ངས་ལོ་ངོ་ང་བདུན་གྱི་སྔོན་དུ་ཀྲུང་གོར་ཐོག་དང་པོར་འཚམས་འདྲི་བྱས་པ་ཡིན་པ་དང་། དུས་རབས་ཕྱེད་ཀ་ལྷག་གིས་རིང་ལ། ཀྲུང་གོས་བླངས་པའི་རླབས་ཆེན་གྲུབ་འབྲས་དང་ཀྲུང་གོར་བྱུང་བའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ལ་དངོས་སུ་བདེན་དཔང་བྱས། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་ཧ་ཅང་གལ་ཆེ་བ་དང་། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་འཕོ་འགྱུར་གྱི་གནད་འགག་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། ཨི་ལིས་ཐི་ལི་ཡ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་མཛའ་བརྩེ་སྲ་བརྟན་ཡིན་ལ། མཉམ་ལས་ཧ་ཅང་བཟང་བ་དང་། ཕྱོགས་གཉིས་ཀྱིས་གནད་དོན་མང་པོའི་སྟེང་ཐུན་མོང་གི་ལྟ་བ་བྱུང་ཡོད། ཀྲུང་གོའི་བར་གྱི་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁ་རྒྱལ་ཁབ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་རམ་འདེགས་བྱེད་ཀྱིན་པའི་སྒང་ཡིན་པ་མ་ཟད་མུ་མཐུད་དུ་རམ་འདེགས་བྱེད་ངེས་ཡིན་ལ། མི་སེར་རིང་ལུགས་དང་བཙན་དབང་རིང་ལུགས་ལ་འགོག་རྒོལ་བྱས་ཏེ། རྒྱལ་སྤྱིའི་སྟེང་འདྲ་མཉམ་དང་ལ་རྒྱ་བརྩོན་ལེན་བྱས། ཨི་ལིས་ཐི་ལི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་གོང་བཀུར་ལག་བསྟར་བྱེད་ཀྱིན་ཡོད། ཨི་ལིས་ཐི་ལི་ཡས་ཀྲུང་གོའི་བར་དུ་ནུས་ཁུངས་དང་རྨང་གཞི་སྒྲིག་ཆས། རྒྱ་མཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་རེ་བ་བཅངས་ཡོད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱིས་རྒྱལ་སྤྱིའི་ཨ་ཧྥེ་རི་ཁའི་མཉམ་ལས་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་ཐུབ། ཨི་ལིས་ཐི་ལི་ཡས་ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས་པ་ཡིན་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགྲན་རྩོད་དང་དཀའ་ངལ་ཁྱད་སེལ་བྱེད་པར་རམ་འདེགས་བྱེད་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་བརྩོན་ལེན་བྱེད་པ། བདེ་འཇགས་གཏན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱས་ནས། ཨ་ཧྥེ་རི་ཁའི་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཨི་ལིས་ཐི་ལི་ཡ་གཉིས་ཀྱི་ཞིང་ལས་དང་རྒྱང་སྒྲོག་བརྙན་འཕྲིན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།