ཟླ9པའི་ཚེས2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་ནས་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ལེ་སོ་ཐོའི་དབུ་བཞུགས་བློན་ཆེན་མཱ་ཐི་ཁའེ་ཨིན་ལ་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས2ཉིན་པེ་ཅིང་ནས་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ལེ་སོ་ཐོའི་དབུ་བཞུགས་བློན་ཆེན་མཱ་ཐི་ཁའེ་ཨིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ངང་ཁྱེད་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་མཉམ་དུ་ཀྲུང་གོ་དང་ལེ་སོ་ཐོའི་འབྲེལ་བ་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་གཏོང་རྒྱུ་ཐག་བཅད། ཀྲུང་གོས་ལེ་སོ་ཐོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་སྣེ་ཁྲིད་དུ་བྱེད་པ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་བཏང་སྟེ། ཀྲུང་གོ་དང་ལེ་སོ་ཐོའི་འབྲེལ་བའི་གོ་དོན་ཕུན་སུམ་ཇེ་ཚོགས་སུ་་གཏོང་འདོད་ཡོད། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་གཞི། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་ལག་བསྟར་ནན་མོ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
མཱ་ཐི་ཁའེ་ཨིན་གྱིས་བཤད་རྒྱུར། ལེ་སོ་ཐོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་སྐྲུན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏ་གཏོང་བ། ཕྱོགས་མང་རོགས་ལས་དམ་ཟབ་ཏུ་བཏང་ནས། ཨ་ཧྥེ་མནའ་འབྲེལ་གྱི2063ལོའི་གྲོས་རིམ་ལ་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱས་ཡོད།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ལེ་སོ་ཐོ་གཉིས་ཀྱིས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་སོགས་ཕྱོགས་གཉིས་མཉམ་ལས་ཀྱི་ཡིག་ཆ་མང་པོ་འགོད་རྒྱུ་རེད།
ཝུའུ་ཀྲིན་ལུང་གོང་གསལ་གྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།