རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་གཉིས་ཉིན་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་དང་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མ་ཧྥུའུ་ས་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིང་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ལྷན་དུ་གྲོས་མོལ་མཛད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱས་པ་ཁྱབ་བསྒྲགས་མཛད་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་འཐུས་ཚང་དུ་གཏོང་བར་འཚམ་པ་དང་། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ལྷོ་མ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་ལག་བསྟར་དོན་འཁྱོལ་བྱེད་འདོད་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་ལས་དེ་སྤུས་ཚད་མཐོ་བའི་མཉམ་འཛུགས་བྱེད་པ་སྣེ་ཁྲིད་དུ་བྱས་ནས། དངོས་གཉེར་མཉམ་ལས་ཟབ་སྤེལ་དང་མི་གཞུང་བརྗེ་རེས་དམ་པོ་བྱེད་འདོད་ཡོད།
ལཱ་མ་ཧྥུའུ་ས་ཡིས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མ་ཡིས་ཀྲུང་གོ་ནི་རང་གི་ཆེས་བློས་ཐུབ་ཀྱི་གྲོགས་པོ་དང་འཐབ་ཇུས་ཀྱི་གྲོགས་པོ་གལ་ཆེན་དུ་བརྩིས་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་དང་ཉོ་ཚོང་དང་དངུལ་གཏོང་གི་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཐེངས་འདིའི་རྩེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་དར་རྒྱས་ལ་སྒུལ་ཤུགས་གསར་པ་སྩོལ་ཐུབ་པར་ཡིད་ཆེས་ཡོད།
ཚེས་གཉིས་ཉིན་གྱི་སྔ་དྲོ། ལཱ་མ་ཧྥུ་ས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོང་ནས། མི་དམངས་དཔའ་བོ་ལ་རྗེས་དྲན་གྱི་མེ་ཏོག་གི་ཕྲེང་བ་ཕུལ།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར