ཀྲའོ་ལི་ཅི་ཡིས་ཨེ་ཅིབ་ཀྱི་ཙུང་ལི་མ་ཏེ་པུའུ་ལིས་ལ་མཇལ་འཕྲད་གནང་།
2024.09.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཚེས3ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨེ་ཅིབ་ཀྱི་ཙུང་ལི་མ་ཏེ་པུའུ་ལིས་ལ་མཇལ་འཕྲད་གནང་།

ཟླ9བའི་ཚེས3ཉིན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨེ་ཅིབ་ཀྱི་ཙུང་ལི་མ་ཏེ་པུའུ་ལིས་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ཐུང་སའེ་ཞི་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག  ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་ལ་བརྟེན་ནས་སྲོལ་རྒྱུན་མཛའ་བརྩེ་རྒྱུན་མཐུད་བྱེད་པ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དང་ཨེ་ཅིབ་ཀྱི“2030ཡི་རེ་འདུན”སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། རྨང་གཞིའི་འཛུགས་སྐྲུན་དང་བཟོ་ལས། རིག་གནས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ།  དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས།  དུས་རབས་གསར་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས།  ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཨེ་ཅིབ་གྲོས་ཁང་དང་མཛའ་བརྩེའི་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་བྱ་བའི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་གཏིང་ཟབ་ཏུ་གཏོང་འདོད་ཡོད།

མ་ཏེ་པུའུ་ལིས་ཀྱིས་བསྟན་དོན། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱེད་ཀྱི་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཨེ་ཅིབ་གཏོགས་པའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་སྐབས་སྔར་ལས་མང་པོ་བཏོན་ཡོད་པ་དང་། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྲིམས་འཛུགས་སྒྲིག་གཞི་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་རྒྱུ་མངོན་འགྱུར་བྱེད་འདོད་ཡོད།

གཡང་འབུམ་རྒྱལ་གྱིས་བསྒྱུར།