ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་དང་མཉམ་དུ་རྒྱལ་དོན་འཚམས་འདྲི་གནང་མཁན་ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་དང་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཙམ་པབ་ཝེ་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་སྟེ་ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཙམ་པབ་ཝེ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏན་འབེབས་གནང་བ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཙམ་པབ་ཝེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཛུབ་ཁྲིད་གནང་པའི་ཁ་ཕྱོགས་ལ་བརྩི་སྲུང་བྱས་ནས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་གཏེར་ལས་དང་རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་པའི་ཁེ་ཕན་ཐོབ་ཏུ་འཇུག་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
མུའུ་ནན་ཅ་ཀུའུ་ཝ་ཡིས་བསྟན་དོན། ཙམ་པབ་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་མགོ་རབ་དང་རིམ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཙམ་པབ་ཝེ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཟླ9བའི་ཚེས3ཉིན་གྱི་སྔ་དྲོ། ཙམ་པབ་ཝེའི་ཙུང་ཐུང་མུའུ་ནན་ཅ་ཀུའུ་ཝ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོང་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
གཡང་འབུམ་རྒྱལ་གྱིས་བསྒྱུར།